གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བོད་གནའ་རབས་ཡིག་གཟུགས་ལས་ཞང་ཞུང་ཡི་གེའི་ལོ་རྒྱུས་དང་ཁྱད་ཆོས། ༡

 二维码 477
发表时间:2016-12-15 00:01

༄༅།།བོད་གནའ་རབས་ཡིག་གཟུགས་ལས་ཞང་ཞུང་ཡི་གེའི་ལོ་རྒྱུས་དང་ཁྱད་ཆོས།

གཙོས་ཤེས་རབ་རྒྱ་མཚོས།




     དེ་ཡང་གནའ་རབས་ཀྱི་ཞང་ཞུང་གི་ཡི་གེ་གླེང་བ་ལ་ཐོག་མར་ཞང་ཞུང་ཞེས་པ་གང་ལ་ངོས་འཛིན་པའི་སྐོར་བརྗོད་དགོས་ཏེ།  《མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བར།》"ཞང་ཞུང་ས་གནས་འདི་བོན་གྱི་འབྱུང་གནས་ཞེས་གྲགས་ཤིང་། དེ་ལ་སྒོ་ཕུག་བར་གསུམ་ཡོད་པ་ལ་ཕུག་བར་གཉིས་བཤད་པ་རྒྱ་ཆེ་བས་ལོགས་སུ་གསལ། སྒོ་པ་འདི་ནི་ཞང་ཞུང་དངོས་ཀྱི་ཡུལ་ཡིན། སྒོ་བ་ལ་ཡང་སྒོ་ཕུག་བར་གསུམ་ཡོད་པའི་ཕུག་པ་ནི་གངས་རི་མཚོ་ཡིས་བསྐོར་བའི་ཞང་ཞུང་གུ་གེའི་ཡུལ་ཡང་ཟེར། བར་པ་ནི་རྟ་གོ་དང་དྭངས་རྭའི་སྐོར།  སྒོ་བ་ནི་གྱིམ་ཤོད་རི་རྩེ་དྲུག་གི་སྐོར་ཡིན།"ཞེས་དང་། ཡང་དེ་ལས། གཞན་ཡང་ཡུལ་ཆེན་བཅོ་བརྒྱད། ཡུལ་ཁམས་དྲུག་ཅུ། ཁྲི་སྡེ་བརྒྱད་ཅུ་ཡོད། "ཅེས་གསལ་བ་ལྟར་ན་ཞང་ཞུང་ལ་སྒྲ་ཡངས་དོག་གི་འཇུག་ཡུལ་གཉིས་ཡོད་པའི་ཕྱི་མ་ལྟར་ན་ད་ལྟའི་མངའ་རིས་ས་ཁུལ་གྱི་མཚོ་མ་ཕམ་དང་གངས་ཏི་སེས་གཙོས་པའི་ཉེ་འཁོར་གྱི་ཡུལ་སྡེ་རྒྱ་མི་ཆུང་ཙམ་ལ་བྱེད་པར་གསལ་ཞིང་། ཏུན་ཧོང་ཡིག་ཚགས་p.t1286 ན།  ཞང་ཞུང་དར་པའྀ་རྗེ་བོ་ལིག་སྙ་ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ་དང་། སྟོང་ལོམ་མ་ཙེ་གཉིས། ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ། ཞང་ཞུང་ཡུལ་ན་ནི། རྒྱལ་པོ་ལེགས་སྙ་ཤུར། རྨ་དང་ར་སངས་བློན། ཞེས་ལིག་དང་ལེགས། རྨ་དང་མའི་ཡི་གེའི་འབྲི་སྲོལ་མི་འདྲ་བ་ཙམ་ལས་རྒྱལ་བོ་དང་བློན་པོ་དང་བཅས་ཡོད་པའི་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡ་གྱལ་ཏེ་ཞང་ཞུང་རྒྱལ་ཕྲན་ཞིག་ཡོད་པ་དང་།  གཉའ་ཁྲི་བཙན་པོ་རྗེ་བོར་བཀུར་མཁན་གྱི་ཤེས་པ་ཅན་བཅུ་གཉིས་ཀྱི་ཁྲོད་དུ་ཡང་ཞང་ཞུང་བོན་པོ་ཞིག་ཡོད་པར་ཉང་ཆོས་འབྱུང་དུ་གསུངས་པས་དེས་ན་གནའ་དུས་སུ་བོན་གྱི་ལོ་རྒྱུས་ཁོ་ན་མ་ཡིན་པར་བོད་ཀྱི་མངའ་མཛད་རྒྱལ་ཕྲན་དག་གི་ཁྲོད་ན་ཞང་ཞུང་ཞེས་པ་ཞིག་ཡོད་པར་ལོ་རྒྱུས་རྙིང་བ་རྣམས་སུ་མཐུན་པར་བྱུང་ཡོད། དུས་ཕྱིས་དུས་རབས་བདུན་པའི་སྟོད་ཙམ་ན་ཞང་ཞུང་གི་ཡུལ་སྡེ་དང་སྟོང་སྡེའི་སྐོར་བརྗོད་པར་ལྡེའུ་ཆོས་འབྱུང་ལས། བོད་དང་གྲུ་གུའི་སོ་མཚམས་ན་ཞང་ཞུང་སྟོད་ཀྱི་སྟོང་སྡེ་ལྔ་ཡོད་དེ། འོ་ཅོ་བག་དང་གཅིག  མང་མ་བག་དང་གཉིས། སྙེ་མ་བག་དང་གསུམ།  རྩ་མོ་བག་དང་བཞི། བ་ག་སྟོང་བུ་ཆུང་དང་ལྔའོ། །བོད་དང་སུམ་པའི་སོ་མཚམས་ན། ཞང་ཞུང་སྨད་ཀྱི་སྟོང་སྡེ་ལྔ་ཡོད་དེ།  གུག་གེ་གུ་ཅོག་གཉིས།  སྤྱིར་རྩང་ཡར་རྩང་གཉིས།  སྤྱི་ཏི་སྟོང་བུ་ཆུང་དང་ལྔའོ། ། ཞེས་ཞང་ཞུང་ལ་ཁྲི་སྡེ་སྟོད་སྨད་གཉིས་སུ་ཕྱེ་ནས་སྟོང་སྡེ་བཅུ་ཡོད་པར་གསུངས་པ་འདིའི་ཐོག་ནས་ཞང་ཞུང་གི་གནས་ཡུལ་དང་ས་རྒྱ་ཇི་འདྲ་ཡིན་མིན་རོབ་ཙམ་ཤེས་ཐུབ།

  སྤྱིར་ཞང་ཞུང་གི་བོན་གྱི་རིག་གཞུང་དར་བའི་ལོ་རྒྱུས་བརྗོད་པ་ལ་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་བཤད་ཚུལ་སྣ་ཚོགས་ཤིག་མཆིས་ཏེ། དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དུ། ཡབ་ཀྱི་རིང་ལ་(གྲི་གུམ་བཙན་པོ་ལ་གོའོ། །)ཞང་ཞུང་དང་བྲུ་ཤའི་གཤེན་གྱི་དུར་བོན་བྱུང་། ཞེས་དང་། རྒྱ་བོད་ཡིག་ཚང་དུ་ཡང་དེ་དང་མཐུན་པར་གསུངས་ཡོད།  རྒྱལ་རབས་གསལ་མེ་ལས། རྒྱལ་པོ་འདི་གཉིས་(གྲི་གུམ་བཙན་པོ་དང་སྤུ་དེ་གུང་རྒྱལ་གཉིས་ལ་གོའོ། །)ཀྱི་དུས་སུ་གཡུང་དྲུང་གི་བོན་བྱུང་སྟེ།  སྟོན་པ་གཤེན་རབ་མི་བོ་བྱ་བ་སྟག་གཟིག་འོལ་མོའི་ལུང་རིང་དུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད།  ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ་དར་ཞིང་རྒྱས་པར་མཛད།  ཅེས་དང་། ཐང་ཡིག་སྡེ་ལྔ་ལས། ཏ་ཟིག་འ་ཞའི་བོན་པོ་གདན་དྲངས་ནས།  ཞེས་ཆོས་འབྱུང་ཕལ་མོ་ཆེར་གཡུང་དྲུང་གི་བོན་ནི་སྟོན་པ་གཤེན་རབ་ཀྱིས་སྲོལ་བཏོད་ཅིང་དེ་ཉིད་བོད་ཀྱི་རྒྱལ་བོ་གྲི་གུམ་བཙན་པོ་ཡབ་སྲས་ཀྱི་རིང་ལ་བོད་ཡུལ་དབུས་སུ་དར་ཞིང་རྒྱས་པ་ལས་བོན་གྱི་རིག་གཞུང་སྣ་ཚོགས་ཀྱི་འདབ་ལག་རྒྱས་པའི་གསུང་སྲོལ་མི་འདྲ་བ་མཆིས་ཤིང་། ཡང་ཉང་ཆོས་འབྱུང་དུ། སྲིབས་ཁྲིའི་སྲས་གནམ་ཕྲུ་བོ་གཞུང་བཙན་ལྷའི་སྐུ་རིང་ལ་གནམ་གྱི་***རྡོར་***བོན་བྱུང་སྟེ་ཨུ་རྒྱན་གྱི་ཚུ་རོལ། ཁ་ཆེའི་ཡུལ་གྱི་ཕ་རོལ། སྟག་གཟིག་གི་བར་ན་ཡུལ་འགྱུར་སྣང་བར་སྣང་བྱ་བ་འ་ཞའི་བོན་པོ། མུ་སྟེགས་ཉི་ཚེ་བའི་སྟོན་པ། སྟོང་བ་དོན་དམ་དུ་འདོད་པ་དང་ལྟ་བ་མཐུན་པ་གཅིག་བྱུང་།  ཞེས་པ་ནས། དེ་རྒྱལ་བོས་སྤྱན་དྲངས་ནས་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་བྱ་བ་གཅིག་བྱུང་། བོད་ཡུལ་དུ་གྱེར་བོན་ལ་སྔ་བ་དེ་ཡིན་ནོ། །ཞེས་ཁྲི་བདུན་གྱི་བཞི་བ་སྲིབས་ཁྲིའི་སྲས་ཡེ་ཤེས་ཁྲི་བོའམ་གནམ་ཁྲི་བོ་གཞུང་བཙན་གྱི་རིང་སྟག་གཟིག་ནས་རྡོལ་བོན་བྱུང་བར་གསུངས་ཤིང་། ཡང་རྒྱལ་པོ་འདིའི་སྐུ་གཤེན་སྐུ་བསྲུངས་ལ་བོན་པོ་གཡུང་དྲུང་རྒྱལ་བོས་བྱས་ཚུལ་གསུངས་པས་ན་དེ་དུས་ནས་གཡུང་དྲུང་བོན་ཡང་དར་ཡོད་པ་བཅས་མདོར་ན་གནམ་གྱི་ཁྲི་བདུན་ནས་ཡར་ལུང་རྒྱལ་ཁབ་དང་ཞང་ཞུང་རྒྱལ་ཕྲན་བར་འབྲེལ་བ་ཆགས་ཏེ་གཡུང་དྲུང་བོན་གྱིས་མཚོན་པའི་རིག་གཞུང་སྣ་ཚོགས་དར་མགོ་ཚུགས་ཡོད།  དེ་དང་ཆབས་གཅིག་ཏུ་རིག་གཞུང་དེ་ཉིད་འཆད་སྤེལ་བྱེད་པའི་ཐབས་སུ་ཞང་ཞུང་གི་ཡི་གེ་ཞེས་པ་བོན་ཆོས་ཁོ་ན་དང་ཞང་སྐད་ཁོ་ན་ལ་བརྟེན་པའི་ཡིག་རིགས་ཤིག་ཀྱང་དར་བར་བཞེད་པའི་བཤད་སྲོལ་འདི་ནི་དེང་སང་ཁྱབ་ཆེའོ། །མ་ཟད་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེའི་སྲོལ་ཞིག་ཡོད་པ་ནི་ཉང་ཆོས་འབྱུང་ལས་གསུངས་ཏེ། བོད་ཀྱི་ཡི་གེ་ཡང་ཁྲིམ་སོ་བུད་བཙན་པོའི་(ལྷ་ཐོ་ཐོ་རི་སྙན་བཙན་ལ་ཟེར།)རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ། ། ཞེས་དང་། འོག་ཏུ་གནམ་རི་སྲོང་བཙན་གྱི་སྐུ་གཤེན་བོན་པོ་ཤེས་རབ་ལྡེམས་པས་རྒྱལ་པོ་ལ་"བོན་གསང་བ་སྡེ་བཞིའམ་ལྔ་སྩལ་ལོ། ། ཞེས་གསལ་བ་ལྟར་ན་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་ཞིག་ཡོད་པར་བཞེད་མཁན་གྱི་མཁས་པ་ནི་དུས་རབས་བཅུ་གཉིས་པའི་གོང་ནས་བྱུང་ཡོད་པ་ཧ་ཅང་གསལ་ལོ། །

   དེ་ལྟར་ཞང་ཞུང་གི་ཡི་གེ་དར་བའི་ལོ་རྒྱུས་རྒྱབ་ལྗོངས་ལ་ཞིབ་ཏུ་དཔྱད་འོས་དུ་མ་མཆིས་ནའང་དེ་དག་རེ་ཞིག་བཞག་སྟེ་འདིར་བོན་གྱི་ལོ་རྒྱུས་ཡིག་ཆ་ཁོ་ན་ལས་ཞང་ཞུང་གི་ཡི་གེ་ཇི་ལྟར་དར་བའི་ཚུལ་བཀོད་པ་ཙམ་ཞིག་སྙིང་བསྡུས་སུ་དགོད་པར་བྱའོ། །

མུ་འགོད།