གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཡིག་གཟུགས་དར་ཚུལ་བཤད་པ།

 二维码 125
发表时间:2021-01-01 10:21作者:དཀོན་མཆོག་བསྟན་འཛིན།来源:ཁམས་པའི་དྲ་བ།

ཡིག་གཟུགས་དར་ཚུལ་བཤད་པ།


དཀོན་མཆོག་བསྟན་འཛིན།


      ཐོན་མིས་བོད་ཀྱི་ཡིག་གཟུགས་གཏན་ལ་ཕབ་རྗེས་ཐོག་མར་ཁོང་གི་ཕྱག་བྲིས་སྦལ་ནག་ན་ལ་རྒྱངས་པ་འདྲ་བ་ཞེས་པ་དེ་བྱུང་བ་ནས་རིམ་པར་དར་བའི་བོད་ཀྱི་ཡིག་གཟུགས་མི་འདྲ་བ་མང་ཡང་།རྩ་བ་གཟབ་ཆེན་དང་གཟབ་ཆུང་གཉིས།འབྲུ་ཆེན་དང་འབྲུ་ཆུང་གཉིས།བཤུར་མ་དང་དཀྱུས་ཡིག་གཉིས་ཏེ་དྲུག་ལ་ཐམས་ཅད་འདུ་བར་གསུངས་སོ།།

       དེ་དག་རིམ་པར་དར་ཚུལ་《ཐུན་མོང་རིག་གནས་ཀྱི་རྣམ་གཞག་》ལས།བོད་ཡིག་གི་མཆོག་གཟབ་ཆེན་མའམ་དབུ་ཅན་ལ།ཐོག་མར་ཐུ་མི་སམ་བྷོཊ་ཉིད་ཀྱི་ཕྱག་བྲིས་སྦལ་ནག་ན་ལ་རྒྱངས་པ་འདྲ་བ་དང་།དེའི་རྗེས་སུ་ཆ་ངར་རིན་ཆེན་འབར་ཞེས་བྱ་བས་སོ་ཕག་གཤིབ་པ་ལྟ་བུ་དང་།དེའི་རྗེས་སུ་གཙང་ཆབ་དཀར་བེའུ་ཚེས་བྱ་ཕོ་འཇོལ་བ་ལྟ་བུ་དང་། དེའི་རྗེས་སུ་གཙང་དགེ་བསྙེན་དབང་གིས་ནས་ནག་བཀྲམ་པ་ལྟ་བུ་དང་།དེའི་རྗེས་སུ་བྷེ་ཤི་ཁྲམ་ཤེས་པས་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་དང་།དེའི་རྗེས་སུ་ཚེ་སྤོང་བྱང་ཆུབ་ཀྱིས་སྦུར་ནག་བགྲད་པ་ལྟ་བུ་དང་། དེའི་རྗེས་སུ་འབྲེ་བ་ཡོན་ཏན་བྱ་བས་ཉ་ཆུ་ནང་ནས་ཕྱུངས་པ་ལྟ་བུ་དང་།དེའི་རྗེས་སུ་གྲ་ཤོད་རྣམ་གཉིས་ཞེས་པས་སེང་གེ་གནམ་དུ་མཆོངས་པ་ལྟ་བུ་རིམ་པར་བྱུང་ཞིང་དེ་རྣམས་ལ་སྔ་མ་ཟེར།བསྟན་པ་ཕྱི་དར་གྱི་ཐོག་མར་སྒྲོ་ཉ་ཤ་རི་ཞེས་པ་དང་།མཐོང་བ་རྡོ་རྗེ་དཔོན་སློབ་ཀྱི་རིང་ལ་གསར་ལེབ་གྲུ་བཞི་སོགས་རིམ་པ་དགུ་བྱུང་།དེའི་རྗེས་སུ་ཁྱུང་པོ་གཡུ་ཁྲི་འབར་ཞེས་བྱ་བས་དཀྱིལ་འཁོར་གྱི་ཐིག་ལ་དཔེ་བླངས་ནས་ཆ་ཆེན་ཆ་ཆུང་དུ་བགོས་པ་སོགས་ཐིག་དང་སྨྱུ་གུ་ཤོག་ཆག་འབྲི་ལུགས་སོགས་ཀྱི་བསྟན་བཅོས་བྱས་ཏེ་སློབ་མ་བསམ་གྱིས་མི་ཁྱབ་པ་བསྐྱངས།དེའི་ནང་ནས་སྦལ་ལུགས་དང་མང་ལུགས་ཉིས་སུ་གྱེས་ཏེ་ད་ལྟར་འཕན་ཡུལ་དང་ངོར་དུ་ཡོང་རྣམས་ལུགས་གཉིས་ཡིན་པར་གྲགས་སོ་ཞེས་དང་།ཡང་བོད་ཡིག་གཤར་མ་རྣམས་ཀྱི་མཆོག་ཏུ་གྱུར་པའི་འབྲུ་ཆེན་ལ་ལི་ལུགས་ཀྱི་བྲིས་རྒྱུན་ཆད།ལྡན་མ་རྩེ་མང་གི་ལུགས་ཡིན་པས་སམ་ཡི་གེ་ཚད་དང་ལྡན་ལུགས་ཞེས་པ་ཐིག་ཚད་ཆེ་བའི་ཁོངས་ནས་དྲངས་པ་འབྲུ་ཆེན་དང་།དབྱིབས་འདྲའང་ཐིག་ཚད་ཆུང་བས་འབྲུ་ཆུང་།དེ་ཉིད་ལ་ཡིག་འབྲུ་བཅོ་བརྒྱད་ཙམ་འདྲ་མིན་ཡོད་པའི་འབྲུ་ཚ་རྣམས་ནི་སྔོན་གྱི་རྩ་བའི་ཡིག་རྒྱུན་ཡིན་ལ།དེ་ལས་མཆེད་པ་ཚེག་ལྟར་གྲུ་བཞིར་བསྒྲུབས་པ་ཚེག་བྲིས།དེ་ལས་འཇམ་པ་ཟླུམ་བྲིས།དེའི་སུག་པ་དང་ཡན་ལག་རིང་དུ་བཏང་བ་འབའ་ཧོ།དེ་ལས་ཐུང་དུ་བཏང་བ་སུག་ཐུང་།དེ་ལས་མཉེན་པ་གྲ་རིང་།དེ་ལས་མཉེན་པ་སུག་སྐོར།དེ་ལས་བདེ་བ་འཕྲིན་ཡིག་དཀྱུས་མ།དེ་རྣམས་ལའང་ཡུལ་རྒྱུན་སོ་སོའི་ལག་རྒྱུན་མི་འདྲ་བ་ནི་མང་ངོ་།།ཞེས་གསུངས་སོ།།ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་གི་སྐུ་དུས་《བཀའ་འགྱུར་》རིན་པོ་ཆེ་པར་དུ་བཞེངས་སྐབས།ཐོན་མི་གཉིས་པ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་ཞུ་དག་གནང་ཞིང་པར་རྐོ་བ་དང་།སྨྱུགས་ཐོག་པ་དུ་མ་ཁམས་དབུས་ཨམ་གསུམ་ལས་བསྡུས་ཏེ།ལྗོངས་འདིར་བཀའ་བརྒྱུད་སྒར་བྲིས་དང་།དགའ་ལྡན་བྲིས་གསར་སོགས་བྲིས་རྒྱུན་དུ་མ་བྱུང་བ་རྣམས་ཡིག་ཐིག་དང་སྒོ་བསྟུན་ཏེ་ལེགས་ཆ་ཕྱོགས་གཅིག་བསྡེབས་ནས།དབུ་ཅན་དང་དབུ་མེད་ཀྱི་བྲིས་ཚུགས་རང་རྐང་ཐུབ་པ་ཞིག་དར་ཁྱབ་བྱུང་བ་འདི་ལ་སྡེབ་བྲིས་སམ་སྡེ་བྲིས་ཞེས་གྲགས་པ་དང་།དེ་མིན་ད་དུང་བོད་ཡུལ་དུ་བྲིས་མི་འདྲ་བ་མང་ཡང་དེ་ཙམ་གྱིས་འཐུས་པར་བྱའོ།།