༄༅།།གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་བཤམས་སྟོན་མཛད་སྒོ་སྤེལ་བ།
གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་འདི་ཉིད་ནི་རྫོང་སློབ་འབྲིང་གི་དགེ་རྒན་བསོད་ནམས་དབང་རྒྱལ་དང་དཀར་མཛེས་གསེར་བྲིས་ཁང་གི་བྱམས་པ་རྡོ་རྗེ། འདན་མ་སློབ་གྲྭའི་དགེ་རྒན་བསྟན་འཛིན་དབྱིན་གཉེན་གསུམ་གྱིས་གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་འདི་གསར་དུ་བསྐྲུན་པ་དང་། དེ་ཡང་སྤྱི་ལོ་ཉིས་སྟོང་བཅུ་བཞིའི་ཟླ་བ་དང་པོ་ནས་མགོ་བཙུགས་ཏེ་བགྲང་བྱ་ལྔའི་རིང་ལས་ཞོར་གྱི་དུས་ཚོད་གང་ཡོད་སྤྱད་དེ་འབད་པ་ལྷུར་ལེན་བགྱིས་པས། མཐར་ཉིས་སྟོང་བཅུ་དགུའི་སྤྱི་ཟླ་བཞི་པའི་ཚེས་ཉི་ཤུ་ལྔ་ཉིན་མཇུག་ལེགས་པར་གྲུབ་པ་དང་། ཞལ་ཐང་རིང་མོ་འདིའི་རིང་ཚད་ལ་སྨིད་སུམ་བརྒྱ་ལྔ་བཅུ་ང་ལྔ་དང་ཚེག་ལྔ་ཡོད་པ་དང་། ཡིག་གཟུགས་སྣ་ཁ་ནི་སྟག་གཟིག་སྤུངས་ཡིག་དང་སྨར་ཆེན་སྨར་ཆུང་། ལྷ་བབ་ཡི་གེ།འབྲུ་ཚ་སྒོང་ཞབས་མ། གཏེར་ཡིག མཁའ་འགྲོའི་བརྡ་ཡིག གཏེར་ཡིག ཨམ་ཡིག ཁམས་བྲིས། དབུས་བྲིས། གཙང་བྲིས། སྡེབ་བྲིས། ཀརྨ་སྒར་བྲིས། ཧོར་ཡིག ལཉྫ། ཝ་རྟུ། བློ་ལྡན་ཡིག་གསར་བཅས་གནའ་དེང་གི་ཡིག་སྣ་ཉིས་བརྒྱ་སུམ་ཅུ་དང་བོད་ཀྱི་ལེགས་བཤད་ཆེན་མོ་བཞིའི་ནང་གི་ལེགས་བཤད་བཅས་འདུས་པས། སྣ་མང་རང་བཞིན་ལྡན་པའི་ཞལ་ཐང་ཞིག་ཡིན་པས་འདི་ནི་མིག་སྔར་འཛམ་གླིང་དུ་ཆེས་རིང་བ་དང་ཡིག་སྣ་ཆེས་མང་བའི་བོད་ཀྱི་ཡིག་གཟུགས་ཀྱི་ཞལ་ཐང་གཅིག་པུ་དེ་རེད་འདུག
སྤྱི་ལོ༢༠༡༩ལོའི་ཟླ༦པའི་ཚེས༢༥ཉིན། དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་བློ་ཆེན་ཧྭ་ལགས་ཀྱིས་རྒྱབ་སྐྱོར་དང་བོད་ཡིག་སློབ་ཞིབ་ཁང་གིས་གཙོ་སྒྲུབ་འོག་རང་རེའི་སློབ་གྲྭའི་ལུས་རྩལ་ཐང་ཆེན་དུ་སྔ་དྲོའི་དུས་ཚོད་བཅུ་པའི་སྟེང་གཟབ་རྒྱས་ངང་བཤམས་སྟོན་འགྲེམ་སྤེལ་བྱེད་པ་དང་། དེར་རང་སློབ་གྲྭའི་དགེ་སློབ་ཡོངས་དང་རང་རྫོང་གི་སློབ་ཆུང་ཁག་གི་བོད་ཡིག་དགེ་རྒན། རྒྱང་བསྒྲགས་ཁང་དང་དཀར་མཛེས་རྫོང་གསར་གྱུར་ཁང་གི་གསར་འགོད་པ། སྤྱི་ཚོགས་ཀྱི་ལས་རྐང་ཐོག་ན་ལས་ཀ་སྒྲུབ་བཞིན་པའི་ལས་བྱེད་པ། དེ་མིན་མི་སེར་བཅས་སྟོང་གསུམ་ལ་ཉེ་བ་ཞིག་ཐེངས་འདིའི་བཤམས་སྟོན་མཛད་སྒོའི་ལྟད་མོ་ལ་ཞུགས་ཡོད།
གངས་ལྗོངས་ཀུན་གསལ་བཞིན་རས་ཡངས་པོའི་ངོས།།
ལུགས་གཉིས་ཉི་ཟླ་གསལ་བྱེད་ཡི་གེའིགཟུགས།།
སྣ་བརྒྱའི་ཟེར་ཕྲེང་ཕྱོགས་དང་ཕྱོགས་མཚམས་སུ།།
སྤྲོ་བའི་བྱེད་པོ་གཤེན་རབ་མི་བོ་ཆེ།།
འཇམ་པའི་དབྱངས་དངོས་ཨ་ནུ་སམ་བྷོ་ཊ།།
གྲ་ཤོད་རྣམ་གཉིས་ཁྱུང་པོ་གཡུ་ཁྲི་སོགས།།
གནའ་དེང་ཡིག་མཁན་རྣམས་ཀྱི་བཀའ་དྲིན་དེ།།
ཞལ་གསེར་ལས་ལྷག་རིན་ཐང་དཔག་ཏུ་མེད།།
བསྐལ་པ་རིང་མོའི་མཐར་ཡང་ཇི་ལྟར་གཞལ།།
འོན་ཀྱང་མེས་པོའི་ཤུལ་བཞག་རིང་གནས་པའི།།
རེ་འདུན་ཀུན་རྟོག་རྦ་རླབས་རབ་འཁྲུགས་པས།།
སྔོན་བྱོན་མཁས་པའི་ཕྱག་རྒྱུན་ཇི་བཞིན་དུ།།
སོར་མོའི་འདུ་བྱེད་ལས་ལ་ཅི་དགར་བརྩོན།།
༈ དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་བོད་ཡིག་སློབ་ཞིབ་ཁང་གི་ཁ་བ་སྙན་གྲགས་སུ་འབོད་པས་བྲིས།
|