སླའོ་ཡིག་གཟུགས་ཚོགས་པ་ནི་བདག་ཅག་གི་དགེ་རྒན་རྨོག་རུ་དོན་གྲུབ་ཚེ་རིང་ལགས་ཀྱི་ཐུགས་ཁུར་དང་མཛུབ་སྟོན་འོག་ནས་བཙུགས་པ་ཡིན་ལ། སྔོན་བྱོན་མེས་པོས་ང་ཚོར་རིན་ཐང་གཞལ་དུ་བྲལ་བའི་བོད་ཀྱི་ཡིག་གཟུགས་ཏེ་དཀོན་ནོར་འདི་ལྟ་བུ་ཞིག་གནང་ཡོད་མོད། དེང་གི་ཆར་བོད་ཀྱི་ཡུལ་གྲུ་སོ་སོར་ཡིག་གཟུགས་འབྲི་མཁན་ནི་ཉིན་མོའི་སྐར་མ་ལྟར་སྣང་བ་དང་། ལྷག་པར་མདོ་སྨད་ཀྱི་ཕྱོགས་སུ་ཧ་ཅང་ཉག་ཕྲ་བའི་གནས་སུ་བཅར་ཡོད་པས། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་ལ་ ྋ པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་མོའི་ཐུགས་དགོངས་ལྟར་སློབ་མ་རྣམས་ལ་ཡིག་གཟུགས་ལེགས་པོ་འཁྲིད་དགོས་པའི་བཀའ་སློབ་དང་བཅས་རྗེས་མར་བཀྲ་ཤིས་ལྷུན་པོ་ནས་ཡིག་བྲིས་པ་ལེགས་པོ་ཞིག་མངགས་གཏོང་བྱ་རྒྱུ་ཡང་ཞལ་གྱིས་བཞེས། སྤྱི་ལོ༡༩༩༤ལོར། རྒན་དོན་གྲུབ་ཚེ་རིང་ལགས་དབུས་འགྱུར་ལྷ་ལྡན་དུ་ཕེབས་ནས་དབུས་ཀྱི་ཡིག་བྲིས་པ་ཆེན་མོ༧ཅོག་གྲྭ་ངག་དབང་བསྟན་འཛིན་ཆོས་ཀྱི་སེང་གེ་རིན་པོ་ཆེ་མཆོག་གི་ཞབས་ལ་གཏུགས་ཏེ་བོད་ཀྱི་ཡིག་གཟུགས་སྤྱི་དང་། སྒོས་སུ་དབུས་བྲིས་དབུ་མེད་ཀྱི་བྲི་ཚུལ་ཞིབ་ཕྲ་དང་ཡིག་གཟུགས་ཀྱི་གཞུང་ལུགས་སྣ་ཚོགས་ལ་ཐུགས་གཉེར་གནངས། སྤྱི་ལོ༢༠༡༥ལོའི་ཟླ༧པའི་ཚེས༢༢ནས་ཟླ༨པའི་ཚེས༤ཉིན་བར། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གིས་སློབ་གླིང་གི༢༠༡༥ལོའི་བྱ་བའི་འཆར་གཞི་ལྟར་མཚོ་སྔོན་ཞིང་ཆེན་གྱི ༼ ཐོན་མིའི་ཡིག་རྒྱུན ༽ཡིག་གཟུགས་མཐོ་རིམ་གསོ་སྦྱོང་སྐབས་དང་པོ་དེ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མཚོ་ལྷོའི་སློབ་ཁུལ་དུ་བསྡུས་ཤིང་། བོད་ཀྱི་ཡིག་གཟུགས་ཀྱི་ཕྱོགས་སུ་བླ་ལྷག་གིས་ཤུགས་བརྒྱབ་པས། བྲིས་པ་མི་ཉུང་བ་ཞིག་ཀྱང་ཆར་རྗེས་ཀྱི་ཤ་མོ་ཇི་བཞིན་བརྡོལ་བ་དང་། ད་ལྟ་ཕྱོགས་སོ་སོར་གྲུབ་འབྲས་ཀྱང་མངོན་གསལ་དུ་ཐོན། དགེ་བའི་བཤེས་གཉེན་དག་གིས་དཀའ་བ་ཁྱད་དུ་བསད་ནས་རྔུལ་ཁྲག་མང་པོ་བཞུར་མྱོང་། དེ་བས་ང་ཚོའི་ཕྲག་ཏུ་ལྡོག་ཐབས་མེད་པའི་འོས་འགན་ཞིག་བབས་ཡོད་པ་དང་། འུ་ཅག་གིས་ཁོང་རྣམ་པའི་བཀའ་དྲིན་སྙིང་ནས་དྲན་རྒྱུར་ཚོགས་མི་སོ་སོའི་ཐུགས་སུ་འཇགས་པར་འཚལ།
|