གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

སྲོང་བཙན་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་སྐོར་གླེང་བ།

2019-05-10 11:26来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:ནས་སོན།浏览数:14 

སྲོང་བཙན་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་སྐོར་གླེང་བ།

རྩོམ་པ་པོ། ནས་སོན།

བསྡུས་གླེང་བ།    གངས་ཅན་བོད་དུ་ཡི་གེ་ནམ་བྱུང་མིན་ཐད་ལ་སྔོན་བྱོན་མཁས་པའི་བཞེད་པ་མི་འདྲ་བ་གཉིས་མཆིས་ཏེ།   དང་པོ།   ཐོན་མིའི་སྔོན་ལ་ཡི་གེ་ཡོད་པ་མདོ་ཙམ་ཞུས་ན།   ཞང་ཞུང་ནི་ཁ་བའི་ལྗོངས་ཀྱི་ཤེས་བྱའི་ཆུ་ཀླུང་གིས་འཁྱིལ་བར་བྱེད་པའི་ཆུ་འགོ་ཡིན་ཞིང་།   བོད་མི་རིགས་ཀྱི་ཤེས་དཔལ་ཡོངས་སུ་མངོན་པར་བཞེད་པའི་རྩ་བ་ཐོག་མར་ཚུགས་ས་དེ་ཡིན།   བོད་ཀྱི་ལོ་རྒྱུས་ཐོག་གལ་ཆེའི་གནས་བབ་དུ་འཁོད་པའི་རྒྱལ་ཕྲན་ཞིག་ཡིན་ལ་བོད་ཀྱི་ཡིག་སྲོལ་ཐོག་མ་དབུ་བརྙེས་ཡུལ་ཡང་ཡིན།   སྐབས་འདིར་ཞང་ཞུང་གི་ལོ་རྒྱུས་ཞིབ་ཕྲ་ཇི་ཡིན་དཔྱད་འགྲེལ་བྱེད་པ་སྐབས་བབས་ཀྱི་བརྗོད་དོན་མ་ཡིན་པས་གཞན་ལ་གཟིགས་པར་མཛོད་ཅིག   སྔོན་ཐོན་གྱི་ཚུལ་དུ་གནས་པའི་རྒྱལ་ཕྲན་ནི་ཞང་ཞུང་ཡིན་པས་བོད་ཀྱི་ཡི་གེའི་སྲོལ་ཐོག་མ་དེ་ཡང་ཞང་ཞུང་དུ་བྱུང་ཡོད།   དེ་ཡང་ཡི་གེའི་སྲོལ་ཐོག་མར་ཞང་ཞུང་དུ་དར་བ་དེ་ནི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་མཐུན་རྐྱེན་མང་པོ་ཞིག་འདུས་པ་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པ་ལས་སྟེས་དབང་གི་དར་བ་ཞིག་མ་ཡིན།   ལོ་རྒྱུས་ཐོག་ཞང་ཞུང་ཞེས་འབོད་པའི་རྒྱལ་ཕྲན་འདིའི་གནས་ཡུལ་གཙོ་བོ་ནི་དབུས་ལྷ་ལྡན་ཞིང་གི་ནུབ་ཕྱོགས་སུ་འཛམ་གླིང་ཡང་རྩེར་གྲགས་པའི་མངའ་རིས་སྐོར་གསུམ་གྱི་རྒྱུད་དུ་ཡིན།   དེ་ལྟར་ནའང་གཤེན་རབ་མི་བོ་ཆེས་བོན་བསྟན་ཅིང་།   ཡི་གེའི་སྲོལ་ཐོག་མ་གསར་དུ་གཏོད་མཛད་པའི་ལོ་རྒྱུས་ཕལ་མོ་ཆེའི་ནང་དུ་འཁོད་འདུག་པས་ཞང་ཞུང་ཡི་གེ་བྱུང་པའི་ཚུལ་ངེས་པར་དུ་ལབ་ཆོག་པའི་བདེན་དཔང་འདུག་གོ།   བོན་གཞུང་མང་པོའི་ནང་དུ་ཡི་གེའི་ཐོག་མ་སྟག་གཟིག་སྤུངས་ཡིག་ཟེར་བ་དེ་ཡིན་ཚུལ་གསལ་བ་སྟེ། «ལེགས་བཤད་རིན་པོ་ཆེའི་གཏེར» ལས་“དང་པོ་དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར།   དེ་ཞང་ཞུང་ཡིག་རྒན་དུ་བསྒྱུར།   དེ་སྨར་སྦྲག་ཏུ་བསྒྱུར།   དེ་སྨར་ཆེ་ཆུང་དུ་བསྒྱུར།   ཤོག་གྲངས།   ༡༥༩   ཞེས་གསུངས་པ་ལྟར་བོན་གཞུང་སྣ་ཚོགས་དང་ཡོངས་གྲགས་མཁས་པས་གཅིག་ཏུ་བཞེད་དོ།།   « མདོ་གཟེར་མིག »   ལས “ ཡིག་འབྲུ་སུམ་ཅུས་བོན་གྱི་ཁོག་པ་ཕུབ།   འགོ་ཡིས་ལམ་དྲངས་ཤད་ཀྱིས་མདོ་ཡང་བཅད།   ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་བསྙམས།   གུག་འགྲེང་ན་རོ་ཞབས་ཀྱུ་ཡ་ར་ཏ།   སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས།   ཞེས་དང་།   «སྲིད་པ་སྤྱི་མདོས»   ལས“ གཤེན་ཆེན་པོ་གཅེ་འོད་ནས་རིམ་པར་བརྒྱུད་པ།   སངས་པོ་ཁྲི་ན་ཁོད་བདག་གིས་ཡི་གེར་བཏབ་པ། ཞེས་དང་ «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད» ལས“   བོད་ཀྱི་ཡི་གེ་ཡང་ཁྲིམ་སོ་བུད་བཙན་པོའི་རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ།   ཞེས་གསུངས་པ་ལྟར་མང་དུ་གསལ་བར་བསྟན་འདུག་པས་སྐབས་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས་སོ།།   གཉིས་པ།   ཐོན་མིས་བོད་ཡིག་ལ་གསར་གཏོད་མཛད་བཅས་པ་ནི་ལེགས་སྦྱར་གྱི་ཡི་གེ་ལ་དཔེ་བྱས་ནས་གསར་དུ་བཟོས་ཞེས་པ་དེ་ཡང་།    ལཉྫ་ལ་དཔེ་བྱས་ནས་བོད་ཀྱི་ཡི་གེ་དབུ་ཅན་དང་ཝརྟུ་ལ་དཔེ་བྱས་ནས་བོད་ཀྱི་ཡི་གེ་དབུ་མེད་བཟོས་ཞེས་གྲགས་པ་དེ་ཡང་ཅུང་ཟད་སྐྱོན་དུ་འབབས་ཏེ་སྙམ།   དཔེར་ན།   «བོད་ཀྱི་ལོ་རྒྱུས་བཻ་རོའི་འདྲ་འབག་ཆེ་མོ»   ལས་“ རྒྱ་གར་མཁས་པ་ལི་བྱིན་སྤྱན་དྲངས།།   ཐོན་མི་སམྦྷོ་ཊས་ཡི་གེ་བསྒྱུར།།   ཞེས་གསུངས་འདུག་པ་ལས་ཀྱང་བོད་ལ་སྔོན་ནས་ཡི་གེ་ཡོད་པར་གསལ་བས་སོ།།

       «ཐང་ཡིག་གསར་རྙིང་»   གཉིས་ཀྱི་ནང་དུ་སྲོང་བཙན་སྔོན་དུ་བོད་ཀྱི་ལོ་རྒྱུས་བཤད་སྐབས་སུ་“ སྲོང་བཙན་གྱིས་长孙无忌   རྒྱུད་དེ་གོང་མར་ཡི་གེ་ཕུལ་ཏེ་“ གནམ་གྱི་སྲས་ཁྲིར་བཞུགས་མ་ཐག་ཡིན་པས།   འོག་ཏུ་གློ་བ་རིང་བ་འདྲ་བྱུང་ན།།   ཁོ་བོས་དམག་དྲངས་ཏེ་གྲོགས་ཏན་བྱས་ཆོག་ “   ཅེས་སྲོང་བཙན་དུས་སུ་བོད་ལ་ཡི་གེ་ཡོད་པ་གསལ་པོ་ཤེས་ཐུབ།   དེར་བརྟེན་བོད་ཡིག་ནི་བོད་རང་གིས་བཟོས་པ་ལས་མི་རིགས་གཞན་གྱིས་སློབ་པ་དང་གསོལ་རས་གནང་བ་སྟེ་བསྒྱུར་བ་སོགས་གཏན་ནས་མ་ཡིན་ནོ།།   སྲོང་བཙན་གོོང་དུ་ཞང་ཞུང་ལ་ཡི་གེ་མེད་ཟེར་དགོས་པའི་རྒྱུ་རྐྱེན་ཅུང་ཟད་བཤད་ན།   དུས་རབས་བཅུ་གསུམ་པའི་སྐབས་སུ་བོད་ལ་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་བྱུང་བ་ནས་འགོ་བཙུགས་ཏེ།   བོད་ཀྱི་ཤེས་རིགས་ཡོངས་སུ་ཁུངས་རྒྱ་གར་ལ་གཏུགས་ཅི་ཐུབ་འབའ་ཞིག་བྱས་པ་དང་བོད་མིའི་འབྱུང་ཁུངས་ལམ་དང་ལུགས་སྲོལ་ཡོངས་སུ་རྒྱ་གར་དུ་གཏུགས་ཅི་ཐུབ་མཛད་དོན་ནི།   སྐབས་དེའི་ཆབ་སྲིད་ཀྱི་དགོས་མཁོ་སྒེར་སེམས་ལྟ་སྟངས་ལས་བོད་ཀྱི་བྱུང་བ་རིག་པ་དངོས་མ་ཡིན་པར་ཤིན་ཏུ་གསལ་ལོ།།   གཞན་ཡང་མངའ་རིས་རྩ་མདའ་རྗོང་གི་ས་ཆའི་བྲག་ངོས་ཤིག་ན་རི་མོ་སྣ་ཚོགས་དང་སྨར་ཡིག་གི་རྗེས་ཤུལ་རྙེད་པ་དེ་ནི་ལོ་ངོ་སུམ་སྟོང་ཡས་མས་སོང་ཡོད་སྐད།   གནའ་རྫས་རྟོག་ཞིབ་པས་བཤད་པ་ལྟ་བུ་སོགས་དུ་མ་ཡོད་ཅིང་།   དེས་ན་ལོ་རྒྱུས་ཞེས་པ་དྲང་བདེན་འབའ་ཞིག་བཤད་རྒྱུ་མ་གཏོགས་ཕྱོགས་ལྷུང་གཏན་ནས་མི་རིགས་སྙམ།   འོ་ན་ཐོན་མི་བཀའ་དྲིན་མི་ཆེའམ་ཞེ་ན་དེ་ཡང་ཤིན་ཏུ་བཀའ་དྲིན་ཆེ་སྟེ།   དཔེར་ན།   བོད་རང་ཉིད་ཀྱི་སྐད་དང་མཐུན་པའི་བརྡ་སྤྲོད་རིག་པ་ཆ་ཚང་བ་ཞིག་མཛད་ཡོད་པ་མ་ཚད་སྤྱིར་ནང་བསྟན་དང་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་བསྒྱུར་ཡོད་པས་མཛད་རྗེས་བླ་ན་མེད་པ་ཞིག་བཞག་ཡོད་པ་ནི་ད་ལྟའི་བར་དུ་མཐོང་ཆོས་དངོོས་ཡིན་ནོ།།   

                              ༢༠༡༩/༤/༢༢ ནས་སོན་གྱིས།





会员登录
登录
我的资料
留言
回到顶部