གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཡི་གེ་འབྲི་དུས་ཆ་རྐྱེན་འགའ་ཚང་དགོས་སམ།

2019-04-30 11:08来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:རྩེ་ཏོག་རྒྱལ།浏览数:255 

ཡི་གེ་འབྲི་དུས་ཆ་རྐྱེན་འགའ་ཚང་དགོས་སམ།

རྩེ་ཏོག་རྒྱལ།


      མཁས་དབང་འཇུ་མི་ཕམ་གྱིས།འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི།།དང་པོ་ཉིད་ནས་འདི་ལ་འབད་པར་གཅེས།།ཞེས་གསུངས་པ་བཞིན་སློབ་གཉེར་བ་དང་ཤེས་ཡོན་པ།སྤྱི་ཚོགས་ཀྱི་ལས་རིགས་གང་ཞིག་གཉེར་མཁན་ཡིན་ཡང་ཡི་གེ་དང་འབྲལ་ཐབས་མེད།ཡི་གེ་ཡག་པོ་ཞིག་མ་འཁྱོངས་ན་ཇི་སྐད་དུ།རྩོམ་པ་ལེགས་ཀྱང་སུག་བྲིས་མ་འབྱོར་ན།།དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ།།ཞེས་གསུངས་པ་ལྟར་ཡིག་གཟུགས་ལ་དོ་སྣང་བྱ་རྒྱུ་ནི་ཧ་ཅང་གིས་གལ་ཆེའོ། །ཚད་ལྡན་ཡིག་མཁན་མིག་གི་རྒྱན་ཞེས་པ་ལྟར་རྩོམ་ཡིག་ཅིག་གམ་ཉེར་སྤྱོད་ཡི་གེ་དང་ཡིག་ཆ།རུས་མིང༌།ཡང་ན་རྒྱུགས་ཤོག་སོགས་གང་ཞིག་ཡིན་ཡང་ཐོག་མར་ང་ཚོའི་མཐོང་ལམ་དུ་གྱུར་བ་ནི་ཡིག་གཟུགས་ཡིན།ཡིག་གཟུགས་ལེགས་པོ་ཞིག་མ་འཁྱོངས་ཚེ་ཀློག་པ་བོའམ་ལྟ་མཁན་ལ་ཐོག་མ་བག་ཆགས་ངན་པ་ཞིག་བཞག་པ་ཡིན།དེ་བཞིན་དོན་ལ་གོ་བ་མི་ལོན་པ་དང་གོ་ནོར་འབྱུང་བའི་སྐྱོན་ཆ་འབྱུང་ལ་འབྲི་མཁན་དེའི་སྒྱིད་ལུག་དང་ཡ་ལེ་ཡང་འགྲོ་སོགས་ཀྱི་རང་གཤིས་ངན་པ་ཞོར་ལ་རྟོགས་པར་འགྱུར་ཏེ་སྤྱིར་ཡིག་གཟུགས་ཀྱིས་མིའི་རང་གཤིས་དང་སེམས་ཁམས་སོགས་མཚོན་ཡོད་པར་ཀུན་གྱིས་བཤད།དེ་བས་ཡི་གེ་འབྲི་དུས་ཐོག་མར་ལུས་ཀྱི་འདུག་སྟངས་དང་སྨྱུ་གུ་འཛིན་སྟངས།སྨྱུག་ཁ་གཅོད་སྟངས།སྨྱུག་ཁ་བསྐོར་སྟངས།འབྲི་ཤོག་འཇོག་སྟངས།མིག་གི་བལྟ་སྟངས།བློ་རིག་སྒྲིམ་སྟངས་སོགས་ཀྱི་རྨང་གཞིའི་ཤེས་བྱ་ཤེས་པའི་སྟེང་ཡི་གེ་འབྲི་དུས་ཆ་རྐྱེན་འགའ་ཚང་དགོས་པ་གཤམ་གསལ་ལྟར།


       གཅིག དག

      བྱ་བ་གང་ཞིག་བསྒྲུབ་ཀྱང་བྱ་བ་དེ་ལེགས་འགྲུབ་འབྱུང་རྒྱུ་ནི་རྩ་གནད་ཡིན་ལ་བྱ་བ་དེའི་སྒྲུབ་ཚུལ་འགྲིག་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བའི་བྱ་བ་ཞིག་ཡིན།   ཡི་གེ་འབྲི་ནའང་དེ་ལས་མ་འདས།   ས་བཟང་མ་ཏི་པཎ་ཆེན་ལགས་ཀྱིས་ཀྱང་ལེགས་པ་བས་ཀྱང་མགྱོགས་པ་གཙོ།   །མགྱོགས་པ་བས་ཀྱང་སྙོམས་པ་གཙོ།།སྙོམས་པ་བས་ཀྱང་དག་པ་གཙོ།།དེས་ན་དག་པ་གཙོ་བོ་ཡིན།།ཞེས་གསུངས་པ་དང་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་ཡི་གེ་དག་སྙོམས་མཛེས་གསུམ་ལས།།མ་དག་སྐྱེས་བུ་སྙིང་མེད་འདྲ།།ཞེས་གསུངས།   དེ་བཞིན་དཔའ་རིས་སངས་རྒྱས་མཆོག་གིས།   ཡི་གེ་བྲིས་ན་དག་སྙོམས་མཛེས་གསུམ་དགོས།   སྙོམས་ཆ་དང་མཛེས་ཆ་ཞན་ཡང་མི་ཆོག་པ་མེད་མོད། དག་ཆ་མ་ཐོན་ན་མི་ཆོག་སྟེ།   གོ་བརྡ་ཇི་བཞིན་འཕྲོད་དཀའ་བའི་ཕྱིར།ཞེས་གསུངས་པ་བཞིན་གང་ཞིག་འབྲི་བའི་ཚེ་ན་གཅིག་ནས་ཡི་གེ་གང་དེ་ཇི་ལྟར་འབྲི་བའི་རིགས་པའི་གཞུང་ལུགས་དང་མཐུན་པར་འབྲི་རིམ་དང་ཆ་ཚད་སོགས་མ་ནོར་བར་འབྲི་དགོས་པ་མ་ཟད་ཡི་གེ་བྲིས་ནོར་འབྱུང་མི་རུང་སྟེ་དག་ཆ་འཐོན་དགོས།གལ་ཏེ་དག་ཆ་མ་འཐོན་ན་རྩ་བ་རུལ་བ་ཡིན་པས་འབྲས་བུའང་རུལ་བ་བཞིན་ནོ།།དེ་ནི་དཔེར་ན་བན་དེ་ཞིག་གིས་བླ་བྲང་ནས་རང་ཡུལ་ལ་འཕྲིན་ཡིག་སྤྲིངས་པའི་གཏམ་རྒྱུད་ཇི་བཞིན་ཡིན་པས།   ཡི་གེར་དག་ཆ་དགོས་པ་ནི་དོན་གྱི་གནད་གཙོ་བོ་ཡིན་པས་དེ་མ་འཛོམས་ན་ཁྱད་ཆོས་གཞན་གང་ཞིག་འཛོམས་ཀྱང་སྙིང་བོ་མ་མཆིས།


གཉིས།   མཛེས།

       མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་ཡི་གེ་དག་སྙོམས་མཛེས་གསུམ་ལས།   །མ་དག་སྐྱེས་བུ་སྙིང་མེད་འདྲ། །མི་སྙོམས་རྐང་ལག་འཁྱོར་བ་འདྲ།།   མི་མཛེས་གོས་ངན་གྱོན་པ་འདྲ།།ཞེས་གསུངས་པ་བཞིན་ཡི་གེ་འབྲི་ན་མཛེས་པའི་ཁྱད་ཆོས་ཚང་དགོས་ཏེ། ཡི་གེ་མཛེས་ན་རང་གཞན་གཉིས་ལ་སྤྲོ་སྣང་དང་བལྟ་འདོད་ཀྱི་སྣང་བ་སྟེར།   འོ་ན་ཇི་ལྟར་མཛེས་དགོས་ཤེ་ན།   ཐོག་མར་འབྲི་ཤོག་སྟེང་ཇི་ལྟར་འབྲི་བའི་བཀོད་སྒྲིག་ལེགས་པོ་བྱ་དགོས་པ་དང༌།   དེའི་རྗེས་དབུ་ཅན་དང་དབུ་མེད་གཉིས་ཀྱི་གང་ཞིག་འབྲི་ན་དེའི་ཁྱད་ཆོས་ལྟར་འབྲི་དགོས།   དབུ་ཅན་ལ་དབུ་ཅན་གྱི་ཁྱད་ཆོས་བརྒྱད་དམ་མཛེས་པ་བརྒྱད་ལྟར་འབྲི་དགོས་ཏེ།   མགོ་རྐང་གཉིས་ཀ་དྲང་ན་མཛེས།   །དཔུང་ལག་སྐེ་མཆུ་བསྐོར་ན་མཛེས།།   ར་བཏགས་སྟོད་ལ་བཏགས་ན་མཛེས།།   ཡ་བཏགས་སྨད་དུ་དཔྱངས་ན་མཛེས།།   ལ་སའི་མགོ་ཅན་ཆེ་ན་མཛེས།།   བརྩེགས་ཡིག་མིང་གཞི་ཆུང་ན་མཛེས།།   བར་ཐག་ཡངས་དོག་མཉམ་ན་མཛེས།།   ཐམས་ཅད་ཆེ་ཆུང་མེད་ན་མཛེས།། ཞེས་རིང་ཐུང་དང་ཞེང་ཚད་ཆེ་ཆུང་སྙོམས་པ།   མཐོ་དམན་ཚད་དང་ལྡན་པ།   ཡ་ཡོ་ཀྱག་ཀྱོག་མི་ཤོར་བར་མགོ་དང་སྦོ། མིག   རྐང་བཅས་བྲིས་ཀྱི་སྨྱུག་ཁ་ལེགས་པར་བསྒྱུར་བ་དང༌།   ཚེག་ཤད་ལེགས་པར་བཀོད་ནས་མཛེས་པའི་ཁྱད་ཆོས་ལྡན་དགོས་ལ། ཡི་གེ་སྙོམས་པའང་མཛེས་པར་འགྱུར་བའི་གཞི་རྩའི་ཆ་རྐྱེན་གཙོ་བོ་ཞིག་ཡིན་པ་གཞིར་བྱས་དབུ་མེད་ལ་དབུ་མེད་ཀྱི་རིགས་སོ་སོའི་རང་རང་གི་ཁྱད་ཆོས་ལྟར་བྲིས་ཏེ་མཛེས་པའི་ཁྱད་ཆོས་འཐོན་དགོས།


གསུམ།   མགྱོགས།

      ཇི་སྐད་དུ།   སྒྲོས་དག་སྐྱེན་གསུམ་འཛོམས་པ་མཆོག་ཅེས་གསུངས་པ་དང་ཡང་ན།   དང་པོ་ཨེ་ཡོང་བལྟ།   དེ་ནས་ཨེ་མཛེས་བལྟ།   མཐར་ཨེ་མགྱོགས་བལྟ་ཞེས་པ་ལྟར་ཡི་གེ་འབྲི་ན་མགྱོགས་པོ་དགོས་ཏེ་བྱ་བ་གང་ཞིག་བསྒྲུབ་ཀྱང་དུས་ཚོད་དམ་འཛིན་བྱ་དགོས་པ་ལྟར་དལ་དྲགས་ན་གཅིག་ནས་བྱ་བ་དུས་ལྟར་ལེགས་འགྲུབ་འབྱུང་བར་བར་ཆད་བཟོ་བ་དང༌། གཉིས་ནས་དུས་ཚོད་འཕྲོ་བརླག་མང་བ། གསུམ་ནས་འབྲི་མཁན་ཐང་ཆད་པར་འགྱུར་བ་སོགས་ཀྱི་སྐྱོན་འབྱུང་བས་ཡི་གེ་བྲིས་མགྱོགས་ན་དེ་ལས་ལྡོག་པའི་ལེགས་ཆ་མང་པོ་ཡོད།   སློབ་ཁྲིད་ཀྱི་སྐབས་ཟིན་བྲིས་འདེབས་དུས་བྲིས་མ་མགྱོགས་ན་དུས་ལྟར་ཟིན་བྲིས་གདབ་མི་ཐུབ་པར་དགོས་ངེས་ཤེས་བྱ་མང་བོ་ཞིག་རང་གི་ནོར་དུ་མི་འགྱུར།


བཞི།   བྱང༌།

      པིར་གྱི་རྩེ་མོས་འཐེན་པའི་ཡི་གེའི་གཟུགས། ། དཀར་འཇམ་ཤོག་བུའི་སྟེང་དུ་གསལ་བྱུང་ཡང་།།སོར་མོའི་རྩལ་ལ་བྱང་གོམས་མ་བྱས་ན། །འབྲུ་ཕྲེང་ཚར་དུ་དངར་བ་ཤིན་ཏུ་དཀའ།།ཞེས་པ་ལྟར་ཡི་གེ་འབྲི་བའི་གོ་རིམ་མ་འཆོལ་བར་དག་མཛེས་མགྱོགས་པའི་ཁྱད་ཆོས་ཚང་བའི་སྟེང་ལག་ལ་བྱང་བའི་འབྲི་སྦྱོང་བྱས་ན་ད་གཟོད་སྔར་ལས་ལྷག་པའི་གསོན་ཉམས་ལྡན་ལ་མིག་ལ་མཛེས་པའི་ཁྱད་ཆོས་ལྡན།


ལྔ།   གཙང༌།

      གཙང་སྒྲོས་དག་པ་ཆེ་ཕྲ་ཀུན་ལ་གཅེས་ཞེས་གྲགས་པ་ལྟར་ཡི་གེ་འབྲི་དུས་གཟབ་ནན་གྱིས་བྲིས་ཏེ་སྣོག་གསུབ་སོགས་མེད་པ་དང་ཤོག་ངོས་གཙང་བ་དང་གྲ་དག་པོར་བྱས་ནས་འབྲི་དགོས་པ་ལས།   ཡི་གེ་གསུབ་པ་དང་ཤོག་ངོས་སྟེང་དུ་རྫབ་རྫོབ་དང་ནག་ནོག་བྱས་ན་ཡི་གེ་མི་གསལ་བ་དང་ཡི་གེ་གང་ཡིན་བརྡར་ཤ་མི་ཆོད་པ་སོགས་ཀྱི་ཉེས་སྐྱོན་འབྱུང་ལ།ལྟ་མཁན་གྱིས་བལྟ་མི་འདོད་པ་དང་བག་ཆགས་ངན་པ་གཞག་པའི་སྐྱོན་ཡང་འབྱུང༌།


会员登录
登录
我的资料
留言
回到顶部