རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་དང་ཡི་གེའི་སྲོལ་ཡིག
2018-09-22 01:03来源:རྔ་སྒྲ་འཕྲིན་སྟེགས།浏览数:4708 

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་དང་ཡི་གེའི་སྲོལ་ཡིག》སྐོར་གྱི་སྤྱི་བསྒྲགས།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་

སྤྱི་བསྒྲགས།

(ཨང་བཞི་བ།)

       《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་དང་ཡི་གེའི་སྲོལ་ཡིག》ལ་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བརྒྱུད༢༠༡༨ལོའི་ཟླ༧པའི་ཚེས༢༦ཉིན་ཆོག་མཆན་ཐོབ་ཅིང་། ད་ལྟ་སྤྱི་བསྒྲགས་བྱ་རྒྱུ་ཡིན། ༢༠༡༨ལོའི་ཟླ༩བའི་ཚེས༡ཉིན་ནས་བཟུང་ལག་ཏུ་བསྟར་རྒྱུ་ཡིན།

    རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་།

༢༠༡༨ལོའི་ཟླ༨པའི་ཚེས༦ཉིན།


༄༅།། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་དང་ཡི་གེའི་སྲོལ་ཡིག


    ༢༠༡༧ལོའི་ཟླ༡༢པའི་ཚེས༢༩ཉིན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་།  

    ༢༠༡༨ལོའི་ཟླ༧པའི་ཚེས༢༦ཉིན་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་ཐོག་ཏུ་ཆོག་མཆན་གནང་།


ལེའུ་དང་བོ། སྤྱིའི་རྩ་དོན།


     དོན་ཚན་དང་བོ། བོད་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བཀོལ་སྤྱོད། དོ་དམ། ཞིབ་འཇུག གོང་སྤེལ་བཅས་བྱེད་པར་འགན་སྲུང་དང་སྐུལ་འདེད་གཏོང་བ་དང་། བོད་ཀྱི་སྐད་དང་ཡི་གེ་ཚད་ལྡན་ཅན་དང་ཚད་གཞི་ཅན། ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ། ལས་དོན་སོ་སོའི་ཁྲོད་དུ་བོད་ཀྱི་སྐད་དང་ཡི་གེའི་ནུས་པ་འདོན་སྤེལ་བཅས་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས།》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས།》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེའི་བཅའ་ཁྲིམས།》《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ(གཤམ་དུ་བསྡུས་མིང་ལ་རང་སྐྱོང་ཁུལ་ཟེར་རྒྱུ་ཡིན།)གྱི་དོན་དངོས་དང་ཟུང་དུ་སྦྲེལ་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ཁུལ་མངའ་ཁོངས་ནས་མའོ་རྫོང་དང་། མི་རིགས་ཡུལ་ཚོ་མ་གཏོགས། གཞན་ཚང་མས་བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དོ་དམ་བྱེད་པར་སྲོལ་ཡིག་འདི་སྤྱད་པས་འཐུས།

    དོན་ཚན་གསུམ་པ། བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དར་སྤེལ་གཏོང་རྒྱུ་ནི་རང་སྐྱོང་ཁུལ་གྱི་རང་སྐྱོང་དབང་ཆ་གལ་ཆེན་ཞིག་ཡིན་ལ། རང་སྐྱོང་ཁུལ་གྱི་ས་གནས་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་ཀྱིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དར་སྤེལ་གཏོང་རྒྱུར་ཁྲིམས་ལྟར་འགན་སྲུང་བྱེད་ཅིང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་དེ་གོང་དུ་སྤེལ་ཏེ། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་ཡར་ཐོན་དང་། མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏང་དགོས།

     དོན་ཚན་བཞི་བ། རང་སྐྱོང་ཁུལ་གྱིས་སྲུང་སྐྱོང་དང་རྒྱུན་འཛིན། ཁྱབ་གདལ་དང་མཐོར་འདེགས་ཟུང་དུ་སྦྲེལ་བའི་རྩ་དོན་རྒྱུན་འཁྱོངས་དང་། བོད་ཀྱི་སྐད་དང་ཡི་གེའི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ། རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་འཛུགས་སྐྲུན་ཁྲོད་དུ་བོད་ཀྱི་སྐད་དང་ཡི་གེའི་ནུས་པ་འདོན་སྤེལ་བྱ་དགོས།

    དོན་ཚན་ལྔ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་ལས་དོན་སྡེ་ཚན་གྱིས་ལས་འགན་ལག་ཏུ་བསྟར་དུས། ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེའམ་ཡང་ན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་བཀོལ་དགོས།

    དོན་ཚན་དྲུག་པ། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེའི་ལས་སྒྲུབ་གྲོན་དངུལ་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་སུ་བཞག་ནས། མ་དངུལ་དོ་དམ་དང་བཀོལ་སྤྱོད། ལྟ་སྐུལ་བཅས་ལ་ཤུགས་བསྣན་དགོས།


ལེའུ་གཉིས་པ། སློབ་སྦྱོང་དང་སློབ་གསོ།


    དོན་ཚན་བདུན་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བོད་རིགས་སྤྱི་དམངས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་བྱེད་པར་འགན་སྲུང་དང་། མི་རིགས་གཞན་གྱི་སྤྱི་དམངས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་སྐུལ་སྤེལ་གཏང་དགོས།

    དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་གྱིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེའི་སློབ་ཁྲིད་ལ་ཤུགས་བསྣན་དགོས་ཤིང་། སློབ་སྔོན་སློབ་གསོའི་སྐབས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་བོད་སྐད་ཀྱིས་སྐད་ཆ་དང་། སྒྱུ་རྩལ། བདེ་ཐང་། སྤྱི་ཚོགས། ཚན་རིག་བཅས་ཀྱི་སྐད་གཉིས་སློབ་གསོ་སྤེལ་ཆོག བོད་རིགས་འདུས་སྡོད་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དག་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྐད་དང་བོད་སྐད་གཞི་རྩའི་སློབ་ཁྲིད་བྱེད་སྤྱད་དུ་བཀོལ་དགོས་ལ། སློབ་གྲྭ་ཆུང་འབྲིང་གཞན་དག་གིས་དགོས་མཁོ་ལྟར་བོད་ཀྱི་སྐད་དང་ཡི་གེའི་སློབ་ཚན་བཀོད་སྒྲིག་བྱས་ཆོག

     དོན་ཚན་དགུ་བ། རང་སྐྱོང་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང་གི་བོད་ཀྱི་སྐད་དང་ཡི་གེའི་སློབ་གསོའི་སློབ་དེབ་དང་ཟུར་ཁྲིད་དཔྱད་གཞི། ཡིག་རྨོངས་སེལ་བའི་སློབ་དེབ། ས་གནས་ཀྱི་རིག་གནས་སློབ་དེབ། ལས་རིགས་ལག་རྩལ་སློབ་དེབ། བྱིས་པའི་ཀློག་དེབ། སློབ་གསེང་གི་ཀློག་དེབ། ཚན་རིག་ཁྱབ་གདལ་སྐོར་གྱི་ཀློག་དེབ་སོགས་ཀྱི་རྩོམ་སྒྱུར་དང་། དཔེ་སྐྲུན། འགྲེམ་སྤེལ་བཅས་ཀྱི་ལས་ཀར་ངེས་པར་དུ་ཤུགས་བསྣན་དགོས།

    དོན་ཚན་བཅུ་བ། རང་སྐྱོང་ཁུལ་གྱི་སྲིད་འཛིན་དོ་དམ་སློབ་གྲྭ(གླིང་)དང་། ལས་རིགས་ལག་རྩལ་སློབ་གྲྭ། རིམ་པ་སོ་སོའི་རིག་གནས་ནུས་རྩལ་གསོ་སྦྱོང་ལྟེ་གནས་བཅས་ཀྱིས་བོད་ཀྱི་སྐད་དང་ཡི་གེའི་སློབ་ཁྲིད་བཀོད་སྒྲིག་བྱས་ཆོག་ཅིང་། ཆ་རྐྱེན་འཛོམས་པའི་འབྲིང་རིམ་ལས་རིགས་སློབ་གྲྭ་དང་མཐོ་རིམ་སློབ་ཆེན་དུ་བོད་ཀྱི་སྐད་དང་ཡི་གེའི་ཆེད་ལས་དང་། བོད་ཀྱི་སྐད་དང་ཡི་གེས་སློབ་ཁྲིད་བྱེད་པའི་འབྲེལ་ཡོད་ཆེད་ལས་རིག་ཚན་བཀོད་སྒྲིག་བྱས་ཆོག


ལེའུ་གསུམ་པ། བཀོལ་སྤྱོད་དང་དོ་དམ།


     དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་གྱིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེ་ཁྱབ་གདལ་དུ་གཏོང་བ་དང་བཀོལ་སྤྱོད་ཚད་ལྡན་བྱ་དགོས། ཁུལ་དང་རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་འགན་ནུས་སྡེ་ཁག་གིས་བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་ལ་ལྟ་སྐུལ་དང་དོ་དམ་བྱེད་པའི་འགན་འཁུར་དགོས།

     (གཅིག)ཡིག་ཆ་དང་སྙན་ཞུ་གལ་ཆེན་གྱི་ལོ་ཙཱ། བོད་ཀྱི་སྐད་དང་ཡི་གེའི་ཐ་སྙད་གསར་བ་དང་སྤྱི་ཚོགས་སྤྱོད་ཡིག་གི་ཚད་ལྡན་དང་ལོ་ཙཱ། ཞིབ་བཤེར་བཅས་བྱེད་རྒྱུ་ནི་བོད་ཀྱི་སྐད་དང་ཡི་གེའི་རྩོམ་སྒྱུར་སྡེ་ཁག་གིས་འགན་འཁུར་དགོས།

     (གཉིས།)ཚགས་པར་དང་། དུས་དེབ། དཔེ་དེབ་སོགས་ཀྱི་པར་སྐྲུན་དངོས་རིགས་དང་། པར་འདེབས་ལས་རིགས། གློག་བརྙན་དང་བརྙན་འཕྲིན། དྲ་རྒྱ། རོལ་རྩེད་དོ་ར་སོགས་སུ་བཀོལ་བའི་སྐད་དང་ཡི་གེ་ལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་པར་སྐྲུན་དང་ལུས་རྩལ། མི་རིགས་ཆོས་ལུགས་ལས་དོན་བཅས་ཀྱི་སྡེ་ཁག་གིས་འགན་འཁུར་དགོས།

     (གསུམ།)སྦྱར་ཡིག་དང་སྒོ་བྱང་། དྲིལ་སྒྲོག་ཡིག་སྒྲོམ། བཤམས་སྟོན་ཤེལ་སྒྲོམ་སོགས་སུ་བཀོལ་བའི་ཡི་གེ་ལ་སྡོད་ཁང་དང་ཡུལ་གྲོང་འཆར་འགོད་འཛུགས་སྐྲུན། མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས་འགན་འཁུར་དགོས།

     (བཞི།)ཁེ་ལས་ཀྱི་མིང་དང་། སྒེར་གཉེར་བཟོ་ཚོང་དུད་ཚང་གི་མིང་། བརྡ་ཆ། ཚོང་རྟགས། ཐུམ་ཤོག གསལ་བཤད། ལག་ཁྱེར་དང་དཔང་ཡིག་སོགས་སུ་བཀོལ་བའི་ཡི་གེ་ལ་བཟོ་ཚོང་དང་། སྤུས་ཚད་ལག་རྩལ་ལྟ་སྐུལ་དང་མི་རིགས་ཆོས་ལུགས་ལས་དོན་བཅས་ཀྱི་སྡེ་ཁག་གིས་འགན་འཁུར་དགོས།

    (ལྔ།)ས་མིང་མཚོན་རྟགས་དང་། སྲིད་འཛིན་ས་ཁོངས་ཀྱི་ས་རྟགས། ས་མིང་གི་དོན་སྙིང་ལྡན་པའི་བཟོ་བཀོད་དངོས་པོའི་མིང་བཅས་སུ་བཀོལ་བའི་ཡི་གེ་ལ་དམངས་སྲིད་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས་འགན་འཁུར་དགོས།

     ( དྲུག)འགྲིམ་འགྲུལ་མཚོན་རྟགས་དང་། རླངས་འཁོར་ཆེ་འབྲིང་དང་གླ་གཏོང་རླངས་འཁོར་གྱི་སྒོ་རྟགས་ཀྱི་ཡི་གེ་ལ་སྤྱི་བདེ་དང་འགྲིམ་འགྲུལ་སྐྱེལ་འདྲེན། མི་རིགས་ཆོས་ལུགས་ལས་དོན་བཅས་ཀྱི་སྡེ་ཁག་གིས་འགན་འཁུར་དགོས།

   (བདུན།)ཡུལ་སྐོར་ལས་སྒྲུབ་ཁང་དང་མགྲོན་ཁང་། གཞིས་ཁྱིམ་སྣེ་ལེན་ཁང་། ཞིང་ཁྱིམ(འབྲོག་ཁྱིམ།)སྤྲོ་གསེང་ཁང་། ཡུལ་སྐོར་ལྗོངས་ཁུལ་གྱི་མཛེས་ལྗོངས་དང་གཞུང་ལམ་ཡུལ་སྐོར་མཚོན་རྟགས། དྲིལ་སྒྲོག་བརྡ་ཆ་བཅས་སུ་བཀོལ་བའི་ཡི་གེ་ལ་ཡུལ་སྐོར་དང་འགྲིམ་འགྲུལ་སྐྱེལ་འདྲེན། བཟོ་ཚོང་། མི་རིགས་ཆོས་ལུགས་ལས་དོན་བཅས་ཀྱི་སྡེ་ཁག་གིས་འགན་འཁུར་དགོས།

   (བརྒྱད།)བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་བརྡ་དང་། མཚོན་རྟགས་བྱང་བུ། ལམ་སྟོན་སོགས་སུ་བཀོལ་བའི་ཡི་གེ་ལ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་དང་། མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས་འགན་འཁུར་དགོས།

   (དགུ)བོད་ཀྱི་སྐད་དང་ཡི་གེ་དང་སྐད་གཉིས་སློབ་ཁྲིད་ཀྱི་འཆར་འགོད་དང་གོང་སྤེལ། སྐད་གཉིས་སློབ་གསོའི་དགེ་རྒན་གསོ་སྦྱོང་བཅས་ནི་སློབ་གསོ་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས་འགན་འཁུར་དགོས།

      དོན་ཚན་བཅུ་གཉིས་པ། རང་སྐྱོང་ཁུལ་གྱིས་ངེས་པར་དུ་སྤྱི་ཚོགས་སྤྱོད་ཡིག་ཐོག་གི་བོད་ཡིག་ཚད་ལྡན་དུ་གཏང་དགོས། བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་ཕན་ཚུན་སྒྱུར་བའི་སྐབས་སུ། འགྱུར་ཡིག་ངེས་པར་དུ་ཡང་དག་ཅིང་བརྗོད་བདེ་ལ། རྣ་བར་སྙན་དགོས། མིའི་མིང་དང་ས་མིང་སོགས་ཆེད་སྤྱོད་མིང་བརྡ་སྒྱུར་བའི་སྐབས་སུ་གཙོ་བོ་སྒྲ་སྒྱུར་བྱེད་པ་དང་། གཏན་ཕབ་རང་འགྲིག་དང་གོམས་ལོབས་སུ་གྱུར་བའི་མིའི་མིང་དང་ས་མིང་གི་འགྱུར་ལ་བརྩི་འཇོག་བྱེད་པ། མིའི་མིང་དང་ས་མིང་སྒྱུར་དུས་རྒྱ་ཡིག་གོ་ལོག་ཅན་མི་བཀོལ་བ། རྒྱ་འགྱུར་དུ་བཀོལ་བའི་ཡི་གེ་དང་བོད་མིང་ཕན་ཚུན་དོ་མཉམ་དགོས་ཤིང་། མིང་དུ་བཀོལ་བའི་ཡི་གེ་ངེས་པར་དུ་གཏན་འཁེལ་བྱ་དགོས།

     དོན་ཚན་བཅུ་གསུམ་པ། རང་སྐྱོང་ཁུལ་གྱིས་རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ། སྒྲིག་སྲོལ། དེ་བཞིན་བསྒྲགས་ཡིག་དང་། གྲོས་ཆོད། ཆོད་དོན། བཀའ་ཡིག་གལ་ཆེན་སོགས་ཁྱབ་བསྒྲགས་བྱེད་པའི་སྐབས་སུ། ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་དགོས།

      དོན་ཚན་བཅུ་བཞི་བ། རང་སྐྱོང་ཁུལ་གྱིས་གཏན་འབེབས་སམ་ཡང་ན་ཁྱབ་བསྒྲགས་བྱེད་པའི་འདེམ་བསྐོའི་ཡིག་ཆ་དང་། འདེམ་དམངས་མིང་ཐོ། འདེམ་དམངས་ལག་ཁྱེར། འཐུས་མི་བདམ་བྱའི་འོས་མིའི་མིང་ཐོ། འདེམ་ཤོག འཐུས་མིའི་བདམས་ཐོན་ལག་ཁྱེར། འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གི་ཐམ་ག་སོགས་སུ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་དགོས།

     དོན་ཚན་བཅོ་ལྔ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་གཙོ་བོའི་སྙན་ཞུ་དང་། གྲོས་ཆོད། ཆོད་དོན་སོགས་སུ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་དགོས་ཤིང་། ཚོགས་འདུར་ས་ཁུལ་དང་སྙན་ཞུ་འབུལ་ཡུལ་མི་འདྲ་བར་དམིགས་ནས་བོད་སྐད་དམ་ཡང་ན་རྒྱལ་ཁབ་ཀྱི་སྤྱི་སྐད་ཀྱིས་སྙན་ཞུ་འབུལ་རྒྱུ་དང་ལོ་ཙཱ་བྱ་དགོས།

      བོད་རིགས་འཐུས་མིའི་གྲོས་གཞི་དང་། བསམ་འཆར་དང་གྲོས་འགོ་བཅས་ནི་བོད་ཡིག་གིས་བཏོན་ཆོག་ལ། གྲོས་གཞི་སྒྲུབ་འགན་འཁུར་བའི་ལས་ཁུངས་ཀྱིས་བོད་ཡིག་གིས་ལན་གདབ་དགོས།

     དེ་མིན་གྲོས་ཚོགས་གཞན་དང་། འདུ་ཚོགས་དང་བྱེད་སྒོ་ཆེ་གྲས་སྣ་ཚོགས་ལ་དགོས་མཁོ་ལྟར་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་བའམ་ཡང་ན་བོད་སྐད་དང་རྒྱལ་ཁབ་ཀྱི་སྤྱི་སྐད་ཀྱིས་ལོ་ཙཱ་བྱ་དགོས།

     དོན་ཚན་བཅུ་དྲུག་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་དང་། ཁྲིམས་འཛིན་སྲིད་དོན་ལས་ཁུངས་བཅས་ཀྱིས་ཁྱབ་བསྒྲགས་བྱེད་པའི་རྩ་ཚིག་དང་། བརྡ་ཐོ། སྤྱི་བསྒྲགས་སོགས་སུ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་དགོས་པ་དང་། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་གི་བཅད་ཁྲ་དང་ཁྲིམས་སྦྱོར་ཡི་གེ་སོགས་བཅའ་ཁྲིམས་ཡི་གེ་རིགས་སོ་སོ་ནི་དོ་བདག་གི་གནས་ཚུལ་ལ་གཞིགས་ནས་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུའམ་ཡང་ན་སོ་སོར་བྲི་དགོས། བོད་ཀྱི་སྐད་དང་ཡི་གེ་བཀོལ་བའི་སྤྱི་དམངས་ལ་བརྟག་དཔྱད་དང་། འདྲི་རྩད། ཞིབ་དཔྱོད། ཞིབ་བཤེར་སོགས་བྱེད་པའི་ཁྲིམས་འཛིན་དང་། ཁྲིམས་འཛིན་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་ལོ་ཙཱ་བྱ་དགོས།

     དོན་ཚན་བཅུ་བདུན་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་གིས་གཏུག་བཤེར་བྱེད་སྒོ་སྤེལ་བའི་སྐབས་སུ། དོ་བདག་གི་གནས་ཚུལ་ལ་གཞིགས་ནས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་མཉམ་དུའམ་ཡང་ན་སོ་སོར་བཀོལ་དགོས་ཤིང་། དོ་བདག་གིས་བོད་ཀྱི་སྐད་དང་ཡི་གེས་གཏུག་བཤེར་དང་། གོང་ལ་ཞུ་གཏུག་གམ་ཡང་ན་རྒྱུ་མཚན་ཞུ་འབུལ་བཅས་བྱས་ཆོག

      དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དོན་ལས་སྡེ་ཚན། རྩ་འཛུགས་གཞན་བཅས་ཀྱིས་སྤྱི་དམངས་ཀྱིས་བོད་ཀྱི་སྐད་དང་ཡི་གེས་ཡིག་སྐུར་ངོ་གཏུག་དང་། ཞུ་གཏུག་བསམ་འཆར། སྲིད་འཛིན་བསྐྱར་གྲོས་བཅས་རེ་ཞུ་བྱས་པ་བདག་སྤྲོད་བྱེད་སྐབས། ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེས་ལན་གདབ་དགོས།

      དོན་ཚན་བཅུ་དགུ་བ། རང་སྐྱོང་ཁུལ་གྱི་སྤྱི་དམངས་ཀྱིས་བོད་ཡིག་གིས་ཞུ་ཡིག་དང་རེ་འདུན་ཞུ་ཡིག་བྲིས་ཆོག་ལ། ཐོ་འགོད་རེའུ་མིག་སྣ་ཚོགས་ཀྱང་བོད་ཡིག་གིས་བསྐངས་ཆོག

རང་སྐྱོང་ཁུལ་མངའ་ཁོངས་ཀྱི་སྦྲག་སྲིད་དང་། འཕྲིན་སྐྱེལ། དངུལ་རྩ། འགྲིམ་འགྲུལ། ཁྲལ་དོན། ཉེན་འགོག་འགན་བཅོལ། མེ་སྐྱོན་འགོག་གསོད། སྨན་བཅོས་འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུ་རང་བཞིན་གྱི་ལས་ཁུངས་དང་འགྲུལ་སྐྱེལ་རླངས་འཁོར་ས་ཚིགས། གནམ་གྲུ་ཐང་། མེ་འཁོར་འབབ་ཚིགས་སོགས་མི་ཚོགས་འདུ་སའི་དྲན་སྐུལ་དང་། ཉེན་བརྡ། བསྒྲགས་ཡིག ལམ་སྟོན། ཕྱོགས་སྟོན་ཡི་གེ་དང་། ཞབས་ཞུའི་བྱང་བུ་སོགས་སུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་ཆོག ཚོང་མགྲོན་ཞབས་ཞུའི་དྲན་སྐུལ་ལ་བོད་སྐད་དང་རྒྱལ་ཁབ་ཀྱི་སྤྱི་སྐད་གཉིས་ཀྱིས་ཞབས་ཞུ་བྱ་དགོས།

      དོན་ཚན་ཉི་ཤུ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་མི་དམངས་ཚོགས་པ། ཁེ་ལས་དོན་ལས་སྡེ་ཚན། རྩ་འཛུགས་གཞན་དང་རང་ཁུལ་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་ངམ་ཡང་ན་ཞིང་ཆེན་གྱི་ཐད་གཏོགས་སྡེ་ཁག་དང་ཁེ་ལས་དོན་ལས་སྡེ་ཚན་བཅས་ཀྱི་ཡིག་ཆའི་ཡིག་མགོ་དང་གཞུང་ཐེལ། དཔང་ཡིག སྒོ་བྱང་། ཚོགས་འདུའི་ཁ་བྱང་། སྦྱར་ཡིག དྲྭ་ཚིགས། འཕྲེད་འགེལ་ཡི་གེ། ལས་ཁུངས་ཀྱི་མིང་དཔར་ཡོད་པའི་ཡིག་ཤུབས་དང་འབྲི་ཤོག བཙོང་འཛིན། འབྱོར་ཐོ་སོགས་སུ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་དགོས།

      སྡོད་དམངས་ཐོབ་ཐང་ལག་ཁྱེར་དང་། ལས་གཉེར་ལག་ཁྱེར། ཁྲལ་དོན་ཐོ་འགོད་ལག་ཁྱེར། སྤྱི་བསྒྲགས། བརྡ་ཁྱབ། ཚོང་རྟགས། འཁོར་བྱང་ལག་ཁྱེར། བདེ་འཇགས་ཉེན་བརྡ་སོགས་སུ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་ལོགས་སུ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས།

     དོན་ཚན་ཉེར་གཅིག་པ། རང་སྐྱོང་ཁུལ་མངའ་ཁོངས་ཀྱི་མི་ཚོགས་འདུ་སའམ་ཡང་ན་སྤྱི་སྤྱོད་སྒྲིག་ཆས་ཀྱི་མིང་དང་། ས་རྟགས། འགྲིམ་འགྲུལ་ལམ་རྟགས། རླངས་འཁོར་སྒོ་བྱང་། སྒེར་གཉེར་བཟོ་ཚོང་དུད་ཚང་གི་ཚོང་རྟགས་དང་སྒོ་བྱང་། བརྡ་ཆའི་བྱང་བུ་སོགས་ཀྱི་སྤྱི་ཚོགས་སྤྱོད་ཡིག་ཏུ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་དགོས།

     དོན་ཚན་ཉེར་གཉིས་པ། རང་སྐྱོང་ཁུལ་མངའ་ཁོངས་ཀྱི་གཏེར་རི་དང་། བཟོ་གྲྭ། ཨར་ལས་བཟོ་སྐྲུན། ལས་གཞི་འགངས་ཆེན་སོགས་ཨར་ལས་བྱེད་སའི་ཐོན་སྐྱེད་བདེ་འཇགས་ཉེན་བརྡ་དང་། མཚོན་རྟགས་སྦྱར་བྱང་། ལམ་སྟོན་བཅས་སུ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་དགོས།

     དོན་ཚན་ཉེར་གསུམ་པ། རང་སྐྱོང་ཁུལ་མངའ་ཁོངས་ཀྱི་སྲིད་འཛིན་མངའ་ཁོངས་དང་། ཡུལ་གྲོང་གི་སྲང་ལམ། གསར་སྤེལ་ས་ཁུལ་སོགས་ཀྱི་ས་ཁམས་ཀྱི་མིང་ནི་ངེས་པར་དུ་བོད་ཀྱི་འབོད་སྲོལ་ལྟར་མུ་མཐུད་ནས་བཀོལ་བ་དང་། བབ་མཐུན་གྱི་ལོ་རྒྱུས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་མིང་བཀོལ་དགོས། དེ་ལ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་དགོས་ཤིང་། སྲོལ་རྒྱུན་གྱི་ས་མིང་འདོད་མོས་ལྟར་བཟོ་བཅོས་བྱེད་པར་བཀག་འགོག་བྱ་དགོས།

     རང་སྐྱོང་ཁུལ་མངའ་ཁོངས་ཀྱི་ལོ་རྒྱུས་རིག་གནས་རྗེས་ཤུལ་དང་། གནའ་ཤུལ་གྲགས་ཅན། མཛེས་ལྗོངས་ས་ཁུལ་གྲགས་ཅན། རང་བྱུང་སྲུང་སྐྱོང་ས་ཁུལ། རིག་དངོས་སྲུང་སྐྱོང་ལས་ཁུངས་སོགས་ཀྱི་སྦྱར་བྱང་ཡི་གེ་ལ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་དགོས།

      དོན་ཚན་ཉེར་བཞི་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་ཀྱིས་དཔེ་སྐྲུན་བྱས་པ་དང་། མཉམ་དུ་བསྐྲུན་པའི་དཔེ་ཆའི་མིང་ལ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་དགོས།

      དོན་ཚན་ཉེར་ལྔ་བ། རང་སྐྱོང་ཁུལ་གྱིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེའི་ལེ་ཚན་གྱི་འཕྲིན་ལམ་ཤར་གཏོང་བྱས་ཏེ། བོད་ཀྱི་སྐད་དང་ཡི་གེའི་ཚགས་པར་དང་དུས་དེབ། རྒྱང་སྒྲོག བརྙན་འཕྲིན་བཅས་ཀྱི་བྱ་བར་ཤུགས་བསྣན་དགོས་ཤིང་། ཚགས་པར་དང་དུས་དེབ་ཀྱི་མཚན་བྱང་དང་། རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མཚན་བྱང་སོགས་སུ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་མཉམ་དུ་བཀོལ་དགོས།

     རང་སྐྱོང་ཁུལ་གྱིས་བོད་ཀྱི་སྐད་དང་ཡི་གེའི་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས། སྒྲ་བརྙན། ཚགས་པར་དང་དུས་དེབ། དཔེ་དེབ་སོགས་ཀྱི་བཟོ་སྐྲུན་དང་སྒྱུར་སྐྲུན། རྩོམ་སྒྱུར། སྐད་སྦྱོར། དཔེ་སྐྲུན་དང་འགྲེམ་སྤེལ་ལས་ཀར་ངེས་པར་དུ་ཤུགས་བསྣན་དགོས་ཤིང་། རིམ་པ་ཁག་གི་རིགས་སོ་སོའི་དཔེ་མཛོད་ཁང་དང་། གྲོང་གསེབ་ཀྱི་དཔེ་ཁང་། དགོན་པའི་དཔེ་ཁང་བཅས་སུ་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེའི་ཚགས་པར་དང་དཔེ་དེབ། སྒྲ་བརྙན་བཅས་བཀོད་སྒྲིག་བྱ་དགོས།

     རང་སྐྱོང་ཁུལ་གྱིས་རིག་རྩལ་ལས་སྒྲུབ་པ་དང་ཚན་ཞིབ་པས་བོད་ཀྱི་སྐད་དང་ཡི་གེས་རིག་རྩལ་གསར་རྩོམ་དང་། ཚན་རིག་ཞིབ་འཇུག དཔྱད་རྩོམ་འབྲི་བ་བཅས་དར་སྤེལ་དང་སྐུལ་མ་གཏང་དགོས།

     དོན་ཚན་ཉེར་དྲུག་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དོན་ལས་སྡེ་ཚན། རྩ་འཛུགས་གཞན་བཅས་ཀྱིས་ངེས་པར་དུ་བོད་ཡིག་རྩིས་འཁོར་མཉེན་ཆས་ཁྱབ་གདལ་དུ་བཏང་སྟེ། གཞུང་ལས་རང་འགུལ་ཅན་དུ་སྒྱུར་བའི་ཆུ་ཚད་ཇེ་མཐོར་གཏང་དགོས་ཤིང་། བོད་ཀྱི་སྐད་དང་ཡི་གེའི་དྲྭ་ཚིགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་། བོད་ཡིག་གི་འཕྲིན་སྦྱོར་གསར་བ་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱ་དགོས།


ལེའུ་བཞི་བ། ཞིབ་འཇུག་དང་སྔོག་འདོན།


      དོན་ཚན་ཉེར་བདུན་པ། རང་སྐྱོང་ཁུལ་གྱིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེའི་ཞིབ་འཇུག་དང་སྔོག་འདོན་ལ་ཤུགས་བསྣན་ཏེ། ཞིབ་འཇུག་གི་གྲུབ་འབྲས་བེད་སྤྱོད་ཁྱབ་སྤེལ་བྱ་དགོས་ཤིང་། སློབ་གསོའི་སློབ་དཔྱོད་ལས་ཁུངས་ཀྱིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེའི་སློབ་གསོ་དང་སློབ་ཁྲིད་ཞིབ་འཇུག་ལ་ཤུགས་བསྣན་དགོས།

    དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ཁུལ་གྱིས་བོད་ཀྱི་སྐད་དང་ཡི་གེ་དང་མི་རིགས་གཞན་གྱི་སྐད་དང་ཡི་གེ་ཕན་ཚུན་ལོ་ཙཱ་བྱེད་པའི་ལས་ཀར་སྐུལ་སྤེལ་དང་རྒྱབ་སྐྱོར་བྱས་ཏེ། ལོ་ཙཱའི་སྐོར་གྱི་རིག་གཞུང་བྱེད་སྒོ་སྤེལ་དགོས་ཤིང་། བོད་ཀྱི་སྐད་དང་ཡི་གེའི་སྐོར་གྱི་ཆེད་མཁས་དང་མཁས་དབང་རྩ་འཛུགས་བྱས་ཏེ་ཕྱི་ཕྱོགས་ལ་རིག་གཞུང་སྤེལ་རེས་དང་མཉམ་ལས་བྱ་དགོས།

    དོན་ཚན་ཉེར་དགུ་བ། རང་སྐྱོང་ཁུལ་གྱིས་ངེས་པར་དུ་མངའ་ཁོངས་ནས་བོད་ཀྱི་སྐད་དང་ཡི་གེའི་ཐ་སྙད་གསར་བའི་ཚད་གཞི་ཅན་དང་ཚད་ལྡན་ཅན། ཆ་འཕྲིན་ཅན་བཅས་ཀྱི་ཞིབ་འཇུག་ལ་ཤུགས་བསྣན་དགོས་ཤིང་། རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དོན་ལས་སྡེ་ཚན། རྩ་འཛུགས་གཞན་བཅས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱིས་བཀའ་བསྒྲགས་གནང་བའི་བོད་ཀྱི་སྐད་དང་ཡི་གེའི་ཐ་སྙད་གསར་བ་དང་རང་སྐྱོང་ཁུལ་གྱིས་ཁྱབ་བསྒྲགས་བྱས་པའི་བོད་ཀྱི་སྐད་དང་ཡི་གེའི་ཐ་སྙད་གསར་བ་ཇི་བཞིན་བཀོལ་དགོས།

     དོན་ཚན་སུམ་ཅུ་བ། རང་སྐྱོང་ཁུལ་གྱིས་བོད་ཡིག་གི་དཔེ་རྙིང་དང་། ལོ་རྒྱུས་ཡིག་ཚང་། ངག་རྒྱུན་དཔྱད་ཡིག་སོགས་མྱུར་སྐྱོབ་རང་བཞིན་གྱི་འཚོལ་སྡུད་དང་། ལེགས་སྒྲིག ལོ་ཙཱ། དཔེ་སྐྲུན་བཅས་ཀྱི་ལས་ཀ་ངེས་པར་དུ་བསྒྲུབ་དགོས་ཤིང་། བོད་ཀྱི་དཔེ་རྙིང་ཉར་ཚགས་བྱེད་སའི་དཔེ་མཛོད་ཁང་འཛུགས་ཤིང་འཐུས་ཚང་དུ་གཏང་དགོས།

      རང་སྐྱོང་ཁུལ་གྱིས་ངེས་པར་དུ་མངའ་ཁོངས་ནང་གི་འཇིག་ཉེ་བའི་བོད་ཀྱི་ཡུལ་སྐད་བརྡ་རྙིང་ལ་ཚན་རིག་དང་མཐུན་པར་སྲུང་སྐྱོབ་བྱས་ཏེ། བོད་ཀྱི་བརྡ་རྙིང་དང་ཡུལ་སྐད་ལ་ཡོངས་ཁྱབ་ཞིབ་བཤེར་དང་། འཚོལ་སྡུད། ལེགས་སྒྲིག ཞིབ་འཇུག་བཅས་བྱ་དགོས་ཤིང་། བོད་ཀྱི་གནའ་རབས་དགོན་པའི་རིག་གནས་དང་གེ་སར་རིག་གནས་སོགས་དམངས་ཁྲོད་སྲོལ་རྒྱུན་ཤུལ་བཞག་རིག་གནས་ལ་ཞིབ་འཇུག་དང་རྒྱུན་འཛིན་བྱ་དགོས།

     དོན་ཚན་སོ་གཅིག་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ཡིག་ཚགས་སྡེ་ཁག་གིས་བོད་ཡིག་གི་ཡིག་ཚགས་དང་ཡིག་ཆ་བསྡུ་རུབ་ལེགས་སྒྲིག་དང་དེ་དག་ཡིག་ཚགས་སུ་འཇུག་པའི་ལས་ཀར་ངེས་པར་དུ་ཤུགས་བསྣན་དགོས།


ལེའུ་ལྔ་བ། ལས་ཁུངས་དང་དཔུང་སྡེ།


       དོན་ཚན་སོ་གཉིས་པ། རང་སྐྱོང་ཁུལ་དང་། རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེ་སྐོར་གྱི་ལས་དོན་ལ་ཤུགས་བསྣན་ཏེ། བོད་ཀྱི་སྐད་དང་ཡི་གེ་སྐོར་གྱི་ལས་དོན་སྒྲུབ་འགན་འཁུར་བའི་ལས་ཁུངས་གཏན་འཁེལ་གསལ་བོ་བྱེད་པ་དང་། བོད་ཀྱི་སྐད་དང་ཡི་གེ་སྐོར་གྱི་ལས་སྒྲུབ་པ་བཀོད་སྒྲིག་བྱ་དགོས། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་དེའི་ལས་སྒྲུབ་སྡེ་ཁག་གིས་ངེས་པར་དུ་ལས་ཀའི་དགོས་མཁོ་ལྟར་བོད་ཀྱི་སྐད་དང་ཡི་གེ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེར་བྱང་ཆ་ཡོད་པའི་ལས་སྒྲུབ་པ་བཀོད་སྒྲིག་བྱ་དགོས།

      རང་སྐྱོང་ཁུལ་མངའ་ཁོངས་ཀྱི་སྦྲག་སྲིད་དང་། འཕྲིན་སྐྱེལ། དངུལ་རྩ། འགྲིམ་འགྲུལ། ཁྲལ་དོན། ཉེན་འགོག་འགན་བཅོལ། མེ་སྐྱོན་འགོག་གསོད། སྨན་བཅོས་འཕྲོད་བསྟེན་སོགས་སྤྱི་པའི་ཞབས་ཞུ་རང་བཞིན་གྱི་ལས་ཁུངས་དང་འགྲུལ་སྐྱེལ་རླངས་འཁོར་ས་ཚིགས། གནམ་གྲུ་ཐང་། མེ་འཁོར་འབབ་ཚིགས་སོགས་མི་ཚོགས་འདུ་སའི་ཞབས་ཞུའི་སྒེའུ་ཁུང་དུ་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེར་བྱང་ཆ་ཡོད་པའི་ལས་སྒྲུབ་པ་བཀོད་སྒྲིག་བྱ་དགོས།

      དོན་ཚན་སོ་གསུམ་པ། རང་སྐྱོང་ཁུལ་གྱིས་བོད་ཀྱི་སྐད་དང་ཡི་གེ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེར་བྱང་ཆ་ཡོད་པའི་ཤེས་ལྡན་མི་སྣའི་གསོ་སྐྱོང་དང་བཀོལ་སྤྱོད་ལ་ངེས་པར་དུ་ཤུགས་བསྣན་དགོས་ཤིང་། རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དོན་ལས་སྡེ་ཚན། རྩ་འཛུགས་གཞན་བཅས་ཀྱིས་ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེ་ནི་ལས་བྱེད་ལས་བཟོ་བའི་གསོ་སྦྱོང་འཆར་གཞིར་འགོད་དགོས།

     དོན་ཚན་སོ་བཞི་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། དོན་ལས་སྡེ་ཚན་བཅས་ཀྱིས་སྐད་ཆའི་ཁོར་ཡུག་དང་ཐད་ཀར་འབྲེལ་བ་ཡོད་པའི་གཞུང་ཞབས་པ་དང་ལས་སྒྲུབ་པ་བསྡུ་བའི་སྐབས་སུ། ངེས་པར་དུ་བོད་ཀྱི་སྐད་དང་ཡི་གེ་ནི་རྒྱུགས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས་ཤིང་། ཆ་རྐྱེན་འདྲ་མཚུངས་ཀྱི་འོག་ཏུ། བོད་ཀྱི་སྐད་དང་ཡི་གེ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེར་བྱང་བའི་མི་སྣ་སྔོན་དུ་བསྡུ(གདན་ཞུ)དགོས།

     དོན་ཚན་སོ་ལྔ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཚོགས་པ་དང་། ཁེ་ལས་དོན་ལས་སྡེ་ཚན། རྩ་འཛུགས་གཞན་བཅས་ཀྱིས་བོད་ཀྱི་སྐད་དང་ཡི་གེའི་སྐོར་གྱི་ལས་ཀ་སྒྲུབ་པའི་ཆེད་ལས་ལག་རྩལ་མི་སྣ་ལ་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ངེས་པར་དུ་ལས་ཀའི་གོ་མིང་དཔྱད་བསྡུར་གཏན་འབེབས་དང་། ཆེད་ལས་ལག་རྩལ་མི་སྣ་དང་མཉམ་པའི་ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་དགོས།

ལེའུ་དྲུག་པ། ཁྲིམས་འབྲེལ་འགན་འཁུར།

     དོན་ཚན་སོ་དྲུག་པ། སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབས་དང་འགལ་བའི་སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་བཅས་ལ། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་དུས་བཅད་ནང་དུ་ཡོ་བསྲང་བྱ་དགོས་པའི་བཀའ་དབབ་དགོས་ཤིང་། དུས་བཅད་ནང་དུ་ཡོ་བསྲང་མ་བྱས་ན་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས།

       དོན་ཚན་སོ་བདུན་པ། རང་སྐྱོང་ཁུལ་གྱི་ས་གནས་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་སྒྲུབ་པས་ལས་འགན་སྒྲུབ་པའི་སྐབས་སུ། སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་བཅས་ཀྱིས་ཁྲིམས་ལྟར་བོད་ཀྱི་སྐད་དང་ཡི་གེ་བཀོལ་བར་བཀག་འགོག་བྱས་ན། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་ཡོ་བསྲང་བྱེད་དགོས་པའི་བཀའ་དབབ་དགོས་ཤིང་། ཡོ་བསྲང་མ་བྱས་པར་མཇུག་འབྲས་ཚབས་ཆེན་བཟོས་ན། ཁྲིམས་ལྟར་ཆད་པ་གཅོད་དགོས།

       དོན་ཚན་སོ་བརྒྱད་པ། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་མི་བྱེད་པར། མཇུག་འབྲས་ཚབས་ཆེན་བཟོས་ན། རང་སྐྱོང་ཁུལ་དང་རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་དེའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མཁན་ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས།


ལེའུ་བདུན་པ། ཞར་བྱུང་དོན་ཚན།


     དོན་ཚན་སོ་དགུ་བ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདི་གཞིར་བཟུང་ནས་ལག་བསྟར་བྱེད་ཐབས་གཏན་ལ་ཕབ་ཆོག

     དོན་ཚན་བཞི་བཅུ་བ། སྲོལ་ཡིག་འདི༢༠༡༨ལོའི་ཟླ༩བའི་ཚེས༡ཉིན་ནས་བཟུང་ལག་ཏུ་བསྟར་རྒྱུ་ཡིན།

རྩོམ་ཁུངས། ཁུལ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་།


会员登录
登录
我的资料
留言
回到顶部