设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

མགོ་ལོག་གངས་རི་སློབ་གྲྭ་ནས་ཡིག་གཟུགས་འགྲེམ་སྟོན་བྱེད་སྒོ་སྤེལ་བ།

 二维码 1191
发表时间:2018-06-06 00:18作者:འདི་གའི་གསར་འགོད་པས།来源:བོད་ཀྱི་ཡིག་གཟུགས་དྲ་བ།

༄༅།།མགོ་ལོག་གངས་རི་སློབ་གྲྭ་ནས་རིག་སྨོན་བསམ་གཏན་གྱི་ཡིག་ཐང་རིང་མོ་འགྲེམ་སྟོན་མཛད་སྒོ་ཐེངས་གཉིས་པ་བསྡུས།


       སྤྱི་ལོ༢༠༡༨ལོའི་ཟླ་༦ཚེས་༢ཉིན། བོད་ཀྱི་ཡིག་མཁན་གྲགས་ཅན་རིག་སྨོན་བསམ་གཏན་ལགས་ཀྱིས་དྲུག་གཅིག་བྱིས་པའི་དུས་ཆེན་དང་འབྲེལ་ཏེ་རང་ཉིད་ཀྱི་བྲིས་རྒྱུན་སྣ་ཚོགས་ཀྱི་ཡིག་ཐང་རིང་མོ་གསར་བཞེངས་ལེགས་གྲུབ་ཀྱི་འགྲེམ་སྟོན་མཛད་སྒོ་ཐེངས་གཉིས་པ་དེ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་བོད་ཡིག་སློབ་གྲྭ་རུ་གཟབ་རྒྱས་ངང་སྤེལ་པ་རེད།



       ཁོང་གིས་ཐེངས་འདིར་ལོ་རྒྱུས་ཀྱི་རྒྱུན་རིང་ལ་བྲིས་རྒྱུན་གྱི་ཁུངས་བཙུན་པའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཐད་ལོ་ངོ་ཉི་ཤུ་ལྷག་ལ་བོད་མདོ་དབུས་ཁམས་གསུམ་གྱི་བྲིས་མཁན་མཁས་པ་མང་པོར་བསྟེན་ནས་བྲིས་རྒྱུན་དང་འབྲི་རྩལ་གྱི་མན་ངག་ཟབ་མོ་གང་མང་ཐོབ་པའི་བཀའ་དྲིན་མཚོན་ཕྱིར་དང་། བོད་ཀྱི་མི་རབས་ཕྱི་མ་རྣམས་ཀྱིས་བྲིས་རྒྱུན་དར་སྤེལ་གཏོང་བ་སོགས་སྒོ་དུ་མའི་ཆེད་དུ་དམིགས་ནས། མགོ་ལོག་གངས་རི་སློབ་གྲྭ་དང་རྩྭ་ཐང་བུ་མོའི་སློབ་གྲྭ། རྨ་ཡུལ་ཀུན་ཕན་སློབ་གླིང་སོགས་ཀྱིས་བླ་མེད་ཀྱི་མཐུན་རྐྱེན་དང་རྒྱབ་སྐྱོར་ལ་བརྟེན་ནས།   སྤྱི་ལོ་༢༠༡༥ལོའི་ཟླ་༤པའི་ཚེས་༨ཉིན། ཤར་གྱི་རྨ་རྒྱལ་སྦོམ་རའི་ཉེ་འདབས་གངས་རི་བོད་ཡིག་བཅའ་སྡོད་སློབ་གྲྭ་ནས་ཁོང་གི་ཡིག་གཟུགས་བརྩམས་ཆོས་ཞལ་ཐང་རིང་མོ་༼བོད་ཀྱི་བྲིས་རྒྱུན་སྣ་ཚོགས་ཀྱི་ཡིག་ཐང་རིང་མོ།༽ཞེས་བྱ་བ་བརྗོད་བྱ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཚིགས་བཅད་དུ་སྡེབ་པ་དང་། རྗོད་བྱེད་བོད་ཀྱི་བྲིས་རྒྱུན་རིགས་མི་འདྲ་བ་བཅུ་ཡི་བདག་ཉིད་ཅན་དེ་ཉིད་མི་ཡུལ་འདིར་བཞེངས་སྐྲུན་མཛད་པའི་ཐོག་མའི་རྟེན་འབྲེལ་འགྲིག  དུས་དེ་ནས་བཟུང་ཁོང་གིས་ཉིན་དུས་ཀྱི་ཟས་བཅག མཚན་དུས་ཀྱི་གཉིད་བཅག་ནས་ལོ་ངོ་གསུམ་ཙམ་གྱི་རིང་ལ་དཀའ་སྤྱད་འབད་བརྩོན་གྱིས་ཕྱག་བྲིས་མཛད་ནས་གསར་བཞེངས་ལེགས་གྲུབ་བྱུང་བའི་ཡིག་ཐང་རིང་མོ་འདིའི་རིང་ཚད་ལ་རྨིད་ཉིས་བརྒྱ་དང་ལྔ<༢༠༥>དང་། ཞེང་ཚད་ལ་རྨིད་གཅིག་ཚེག་བཞི<༡.༤>བཅས་ཡོད་པ་དེ་གཙོ་བོར་བཤམས་པ་རེད།




     ཞལ་ཐང་རིང་མོ་འདི་ལ་མཚོན་ན་སྤྱི་ལོ་༢༠༡༥ལོའི་ཟླ་༤ཚེས༨ཉིན་མགོ་ལོག་གངས་རི་བཅའ་སྡོད་སློབ་གྲྭའི་དཔེ་མཛོད་ཁང་ནས་ཐོག་མར་འབྲི་འགོ་བརྩམས་ཤིང་།  ད་ལྟ་དངོས་སུ་ལེགས་གྲུབ་བྱུང་བའི་བར་དུ་སློབ་གྲྭ་འདིའི་སློབ་གཙོ་དོན་གྲུབ་དང་དགེ་སློབ་ཡོངས་ཀྱི་རེ་སྐུལ་དང་དངོས་ཤུགས་བརྒྱུད་གསུམ་ནས་རོགས་སྒྲུབ་ཆེན་པོ་གནང་བ་བཅས་ལ་བརྟེན་ནས་ལེགས་གྲུབ་བྱུང་བ་ཡིན།


མགོ་ལོག་ཁུལ་རྨ་ཆེན་རྫོང་གི་རྫོང་དཔོན་གཞོན་པ་གངས་རི་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་བསྟན་པ་དར་རྒྱས་ལགས་ཀྱིས་གཏམ་བཤད་བྱེད་བཞིན་པ།


       གཞན་ཡང་། ཉེ་ལམ་ཡིག་མཁན་ཁོང་གིས་གསར་དུ་བྲིས་པའི་༼རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཡིག་གཟུགས་ཞལ་ཐང་རིང་མོ།༽རིང་ཚད་ལ་རྨིད་བརྒྱ་དང་བཅུ<༡༡༠>ཡོད་ཅིང་། ཞེང་ཚད་ལ་རྨིད་གཅིག<༡>ཙམ་ཡོད་པ། ཟླ་ངོ་གསུམ་ལྷག་ལ་བྲིས་པ་དེ་ཡང་ཐེངས་འདིར་འགྲེམ་སྟོན་བྱས་པ་རེད་འདུག  ཡིག་ཐང་གཉིས་ཀྱི་སྤྱི་སྡོམ་རིང་ཚད་རྨིད་སུམ་བརྒྱ་དང་བཅོ་ལྔ་ལྷག་<༣༡༥>ཡོད་འདུག ད་དུང་བྲིས་རྒྱུན་སྣ་ཚོགས་ཀྱི་སྨྱུག་རིམ་གྱི་ཐང་ཀ་སུམ་ཅུ་ལྷག་ཀྱང་ཐེངས་འདིའི་འགྲེམ་སྟོན་ལ་ཞུགས་ཡོད། དེ་དག་ཀྱང་གཙོ་བོ་མི་རབས་རྗེས་མ་རྣམས་ཀྱིས་བོད་ཀྱི་བྲིས་རྒྱུན་སྣ་ཚོགས་ལ་སློབ་གཉེར་དང་འབྲི་སྦྱོང་བྱེད་པར་ཆེད་དུ་དམིགས་ནས་བྲིས་པ་ཤ་སྟག་ཡིན་ལ་དེ་དག་ཀྱང་ཟླ་ངོ་བཞི་ལྷག་ལ་བྲིས་པ་ཡིན། ཡིག་གཟུགས་ཞལ་ཐང་རིང་མོ་འདིའི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་ནི་རིང་ཚད་དང་ཞེང་ཚད་ཙམ་གྱི་ཕྱིའི་གཟུགས་དབྱིབས་རྐྱང་བ་ཞིག་མ་ཡིན་དེ། དེ་ནི་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་ཚད་ལྡན་དང་ཁུངས་བཙུན་བཅུ་ཕྲག་ལྷག་གིས་རེ་རེ་བཞིན་བྲིས་གནང་མཛད་པའི་བྲིས་རྒྱུན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་དེ་ནི་གཙོ་བོ་ཡིན།



གངས་རི་བོད་ཡིག་སློབ་གཙོ་དོན་གྲུབ།


      ཞལ་ཐང་འདི་ནི་ང་ཚོ་སྒང་པ་བོད་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་ཟིན་ཐོ་ཐོད་བརྒལ་པ་ཞིག་ཡིན་པར་མ་ཟད། མ་འོངས་གངས་རིའི་ལྗོངས་ཀྱི་འོད་འབར་བའི་གཟི་བརྗིད་ཀྱི་ནོར་བུ་རིན་པོ་ཆེ་ཞིག་ཀྱང་ལགས་སོ། །



རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གཙོ་བཀྲ་ཤིས་ཚེ་རིང་།



      ཐེངས་འདིའི་འགྲེམ་སྟོན་སྟེང་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་རྫོང་དཔོན་གཞོན་པ་གངས་རི་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་བསྟན་པ་དར་རྒྱས་ལགས་དང་།    རྨ་ཆེན་རྫོང་འཐབ་ཕྱོགས་གཅིག་གྱུར་པོའུ་ཡི་པོའུ་ཀྲང་གཞོན་པ་བཀྲ་ཤིས་དོན་གྲུབ། རྨ་ཆེན་རྫོང་སློབ་གསོ་ལས་ཁུངས་གཞུང་ལས་ཁང་གི་མགོ་བ་དཔུང་རྒྱམ། རྨ་ཆེན་རྫོང་སློབ་འབྲིང་དང་པོའི་སློབ་གཙོ་འམ་མགོ་ལོག་ཡུལ་གྱི་སྒྱུ་རྩལ་བ་གྲགས་ཅན་རྒྱ་ཕྲུག༼   བརྩེ་བའི་ཡང་རྩེ  ༽   ། རྭ་རྒྱ་གྲོང་རྡལ་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གཙོ་བཀྲ་ཤིས་ཚེ་རིང་།    རྟ་བོར་སློབ་ཆུང་གཉིས་པའི་སློབ་གཙོ་འམ་གངས་ལྗོངས་རི་གླུའི་རྒྱལ་སྲས་ལྷ་དར། སློབ་དོན་མགོ་བ་བསོད་ནམས་རྡོ་རྗེ། རྭ་རྒྱ་བོད་ཡིག་སློབ་འབྲིང་གི་སློབ་གཙོ་ཐང་ཧྲིན་ཐེན།སློབ་གཙོ་གཞོན་པ་ནོར་བུ་རྒྱ་མཚོ། རྭ་རྒྱ་སློབ་ཆུང་གཉིས་པའི་སློབ་གཙོ་དགེ་ལེགས། རྟ་བོར་སློབ་ཆུང་དང་པོའི་སློབ་གཙོ་དབང་བྷོ།  རྒན་སྐལ་བཟང་རྡོ་རྗེ། སྡོམ་ཁོག་སློབ་ཆུང་གི་སློབ་གཙོ་དཔལ་བཟང་། རྟ་སྨད་སློབ་ཆུང་གི་སློབ་གཙོ་བསོད་ནམས་ཚེ་རིང་། མགོ་ལོག་བརྙན་འཕྲིན་ཁང་གི་གསར་འགོད་པ། མགོ་ལོག་རི་རྒྱུད་པར་ལེན་རུ་བ།  དེ་མིན་གངས་རི་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ཡོངས། ས་གནས་འཕྲོད་བསྟེན་ཁང་དང་། མངགས་གཏོང་ཁང་གི་ལས་བྱེད་པ་ཡོངས། གངས་རི་བཅའ་སྡོད་སློབ་གྲྭའི་དགེ་སློབ་ཡོངས་སོགས་རླབས་ཆེ་བའི་མི་སྣ་མང་པོ་ཕེབས་ཏེ་ཡུལ་དངོས་ནས་བོད་ཀྱི་ཡིག་གཟུགས་ལོ་རྒྱུས་དང་ཁུངས་ལྡན་བྲིས་རྒྱུན།   ཡིག་གཟུགས་སྣ་ཚོགས་དང་སྲོལ་རྒྱུན་ཡིག་ཆས་བཅས་ལ་རྒྱུས་ལོན་ཟབ་མོ་དང་བྲིས་གཟུགས་ཀྱི་མཛེས་ཉམས་ལ་ཚད་མཐོའི་གདེངས་འཇོག་ཐོབ་པ་མ་ཟད།   རྩོམ་པ་པོས་ཡུལ་དངོས་ནས་ཡིག་གཟུགས་མང་པོ་ཐད་འབྲི་བྱས་ནས་ལྟད་མོ་བ་ཡོངས་ལ་མིག་དབང་འཕྲོག་པའི་ཚོར་བ་དང་ཡིད་སེམས་འགུག་པའི་དགའ་སྤྲོ་དཔག་མེད་སྦྱིན་སོང་།   སྤྱིར་ན་རིག་སྨོན་བསམ་གཏན་ལགས་ཀྱི་བརྩམས་ཆོས་གསར་བ༼བོད་ཀྱི་བྲིས་རྒྱུན་སྣ་ཚོགས་ཀྱི་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབར།༽ཞེས་པ་བྱ་བ་འདི་ལེགས་གྲུབ་བྱུང་བ་ནི་མདོ་སྨད་དྷཱིཿཚ་དགོན་ཆེན་དང་། རྩོམ་པ་པོ་ཁོང་གི་ཕ་ཡུལ་ཏེ་སྐྱིད་ཉིན་ལུང་འབྲོག་སྡེ་ཆེན་མོ་ཙམ་དུ་མ་ཟད། རང་ཅག་སྒང་པ་ཐུ་བྷོད་ཚང་གི་ལོ་རྒྱུས་ཁྲོད་ཀྱི་གཟི་འོད་རླབས་ཆེན་ཞིག་དང་། མི་རིགས་སུ་ལའང་གླེང་རིན་ཡོད་ཅིང་ངོམ་དུ་རུང་བ། རིན་ཆེན་གསེར་སྲང་སྟོང་གི་རིན་ཐང་མངའ་བའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ནོར་བུ་རིན་པོ་ཆེ་ཞིག་གསར་དུ་ལག་སོན་བྱུང་བ་དང་ཡོངས་སུ་མཚུངས་སོ། །


རྨ་ཆེན་རྫོང་སློབ་འབྲིང་དང་པོའི་སློབ་གཙོ་འམ་མགོ་ལོག་ཡུལ་གྱི་སྒྱུ་རྩལ་བ་གྲགས་ཅན་རྒྱ་ཕྲུག༼བརྩེ་བའི་ཡང་རྩེ༽


     མཇུག་མཐར་ཡིག་མཁན་ཁོང་གིས་གསུང་བཤད་གནང་རྒྱུར། ང་རང་ཉིད་ཀྱིས་དཀའ་མོའི་ཚེགས་དང་དཀོན་མོའི་རྒྱུ་སོགས་ཕངས་མེད་དུ་བཏང་ནས་འདི་ལྟ་བུའི་ལས་དོན་ཆེན་མོ་ཞིག་ལ་ཆེས་ཆེར་བརྩོན་པའི་དམིགས་ཡུལ་གཙོ་བོ་ནི་རང་ཉིད་ལ་མཚན་སྙན་གྲགས་དང་ཐོབ་གོ་ས། ཚོང་ཁེ་སྤོགས་དང་རྒྱུ་འབྱོར་བ་སོགས་གང་ཞིག་འཐོབ་འདོད་ཙམ་ལ་ཞེན་ནས་བྲིས་པ་ཞིག་གཏན་ནས་མིན་ཏེ།
བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་ཐོག་མར་འཇུག་མཁན་གྱི་བློ་གསར་དོན་གཉེར་དང་ལྡན་པའི་ལས་དང་པོ་བའི་སློབ་བུའི་ཚོགས་ལ་བློ་བསྐྱེད་དང་ཤུགས་རྐྱེན་ཏོག་ཙམ་ཞིག་འཐོབ་པར་སྙིང་ནས་རེ་སྟེ་བྲིས་པ་ཡིན།  ཡང་གཅིག་བཤད་ན། བདག་གི་མི་ཚེ་འདིའི་ཕུགས་འདུན་དང་རེ་སྙེག་བྱེད་སའི་ཁ་ཕྱོགས་གཙོ་བོ་དེ་ཡང་བོད་གངས་ཅན་གྱི་གཅེས་ནོར་དུ་ཆགས་པའི་ཡིག་གཟུགས་སྒྱུ་རྩལ་འདི་ཉིད་ལག་ཆ་རུ་བརྟེན་ནས་རི་ཁ་བ་ཅན་གྱི་མི་རབས་ཕྱི་མ་རྣམས་ལ་ཞབས་ཕྱི་དྲོན་མོ་རེ་བསྒྲུབ་རྒྱུ་དེ་ཡིན། ཞེས་ཡང་ཡང་གསུངས་སོ། །


ཡུལ་དངོས་གནས་ཚུལ་རི་མོའི་མེ་ལོང་།



ཡིག་གཟུགས་བྱེད་སྒོའི་འགྱུར་ཁུག་མིག་གི་དགའ་སྟོན།



ཡུལ་དངོས་ཕྱག་བྲིས་གསེར་ཞུན་ཐིགས་པ།



ཡིག་གཟུགས་བགྲོ་གླེང་རྣ་བའི་བཅུད་ལེན།