༄༅།། སྤྱི་ལོ་2018ལོའི་ཟླ་བ་བཞི་པའི་ཚེས་30ཐམ་པའི་ཉིན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཁོངས་ཤག་ཆུ་གྲོང་རྡལ་ལྟེ་བའི་སློབ་ཆུང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་གཉིས་པ་བསུ་བ་ཞུ་བའི་མཛད་སྒོའི་ནང་། སློབ་སྤྱི་བཀྲ་ཤིས་དོན་འགྲུབ་གཙོས་དགེ་རྒན་59 དང་། སློབ་ཆུང་སློབ་མ་1330བུ་བཅོལ་ཁང་གི་སློབ་མ་522བཅས་ཁྱོན་བསྡོམ་པས་སློབ་མ་1852 དང་། གྲོང་རྡལ་སྲིད་གཞུང་གི་དབུ་ཁྲིད་དང་། དེ་བཞིན་འབྲི་རུ་རྫོང་སློབ་གསོ་ཅུས་ཀྱིས་གཙོ་འཛིན་དམ་ཆོས་རིན་ཆེན་སོགས་མཛད་སྒོར་ཞུགས།
གཞན་ཡང་ཁྱིམ་བདག་སྟོང་ཕྲག་གསུམ་ཙམ་དང་། ཉེ་འཁོར་གྱི་ཤེས་ལྡན་མི་སྣ་མང་པོ་དང་བཅས་དུས་ཆེན་གྱི་མཛད་སྒོ་ཟབ་རྒྱས་ངང་གཉེར་ཡོད།
སློབ་སྤྱི་མཆོག་ནས་འགོ་མཛུག་མཛད་སྒོའི་གསུང་བཤད་དང་ཡིག་གཟུགས་ཐད་དམིགས་ཐོན་གྱི་དགེ་རྒན་རྣམས་ལ་བྱ་དགའ་སྤྲད་པ་དང་། ཞིང་ཆེན་དང་ལྗོངས་རིམ་པའི་ཡིག་གཟུགས་མཁས་དབང་རྣམ་པའི་ཕྱག་བྲིས་ཕྱག་སྟར་མང་པོ་དང་རང་སློབ་གྲྭའི་དགེ་རྒན་དང་སློབ་མའི་ཡིག་གཟུགས་བརྩམས་བྱ་སྟོང་ཕྲག་འགའ་ཡོད་པ་དེ་དག་ལ། དགེ་སློབ་དང་ཁྱིམ་བདག་སོགས་ཚང་མས་རུ་སྟར་བསྒྲིག་ནས་འདྲེན་བྱེད་མིག་གི་དགའ་སྟོན་ལ་རོལ་ཡོད། སློབ་མ་དང་ཁྱིམ་བདག་མང་པོས་འཚང་ཁ་ཤིག་ཤིག་ངང་ཡིག་གཟུགས་སྒྱུ་རྩལ་ལ་རོལ་མྱོང་བྱས་པ་མ་ཟད། ཡིག་མཁན་རྣམ་པའི་ཕྱག་བྲིས་གནང་ཚུལ་དང་བྱེད་སྒོ་འདི་ལྟ་བུ་ཞིག་སྤེལ་བར་བསྔག་བརྗོད་ཀྱི་མེ་ཏོག་བར་མེད་དུ་གཏོར་ཞིང་། ཡིག་གཟུགས་རྒྱུན་འཛིན་གནང་མཁན་ཚོར་རྗེས་སུ་ཡི་རང་དང་། སླད་མ་འོངས་པར་རང་རེའི་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ལ་གསོན་མདངས་གསར་པ་ཞིག་སྦྱིན་ཐུབ་པའི་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད།
|