བཤར་མའི་འབྲི་རྒྱུན་ཐད་ཕྱིས་སུ་འཕེལ་འགྲིབ་ཇི་ལྟར་བྱུང་ངམ།
དེའང་བཙན་པོའི་རྒྱལ་རབས་ཀྱི་དུས་མཇུག་ཙམ་གྱི་བྲིས་པ་ཀུན་གྱིས་སྔར་གྱི་བཤར་མའི་འབྲི་ཚུལ་ཆ་ཚད་གནའ་བོའི་ལུགས་བཟང་ཇི་བཞིན་སྐྱོང་མུས་ཀྱང་། དུས་དབང་གིས་བཙན་པོའི་ཆབ་སྲིད་བྱང་བུ་རྒྱུན་ཐག་ཆད་པ་ལྟར་གྱུར་ཏེ་ཧ་ལམ་མི་ལོ་བཞི་བརྒྱར་ཉེ་བ་ནང་འཁྲུག་ཁོ་ནའི་དབང་དུ་སོང་སྟབས། གཟབ་བཤར་ཡི་གེའི་འབྲི་ཚུལ་ཚུད་པའི་བསྟན་པ་ཕལ་ཆེར་ཅལ་ཅོལ་དུ་གྱུར་ཏེ་ཧ་ལམ་ཡུལ་ལུང་སོ་སོར་ཐིག་ཚད་ཀྱི་ཁུངས་ལྡན་མིན་ཅི་རིགས་པའི་འབྲི་ལུགས་སྣ་ཚོགས་པར་གྱེས། དེ་ནས་བསྟན་པ་ཕྱི་དར་གྱི་འགོར་འཇམ་དབྱངས་རྣམ་སྤྲུལ་ཁྱུང་པོ་གཡུ་ཁྲི་སོགས་བྱོན་ཏེ་ཐུ་མིའི་ཕྱག་རྒྱུན་གཟབ་མའི་འབྲི་རྒྱུན་དབུ་ཆེན་སྣ་མ་འཁྲུལ་མེད་དར་སྤེལ་མཛད་ཚུལ་སྔར་བཤད་ཟིན་ལྟར་ལ། བཤར་མ་ཡང་ཕག་གྲུས་སྲིད་བཟུང་བའི་དུས། རྒྱལ་རྩེ་སྡེ་སྲིད་རབ་བརྟན་ཀུན་བཟང་འཕགས་པས་སྔོན་གྱི་འབྲུ་མའི་འབྲི་ཚུལ་ཇི་བཞིན་པའི་ཐིག་བཤད་བརྩམས་ནས་བྲིས་རྒྱུན་སྤེལ། དེ་རྗེས་རྒྱལ་དབང་ལྔ་པས་ཡིག་གཟུགས་ལ་གཟིགས་མཐོང་ཆེ་བཞེས་ཀྱིས་ཕྱོགས་འདིར་བཤར་མའི་འབྲི་རྒྱུན་ལེགས་གྲས་སྤེལ་བའི་སྐབས་ཕྱེ་ལ། བཤར་མའི་ཡིག་མཁན་དྲུང་ཡིག་ཐུབ་བསྟན་བསྟན་འཛིན་མངགས་ནས་མདོ་སྨད་ཁུལ་དུའང་དགའ་ལྡན་ཡིག་གསར་སོགས་ཀྱི་བྲིས་རྒྱུན་སྤེལ། དུས་མཚུངས་སྡེ་སྲིད་སངས་རྒྱམ་དང་། ཁོང་གི་སློབ་དཔོན་དཔལ་ལྡན་ཕུན་ཚོགས་བླ་སློབ་གཉིས་ཀྱིས་རྒྱལ་རྩེ་སྡེ་སྲིད་ཀྱི་འབྲུ་མའི་ཐིག་བཤད་ལ་འཆད་ཉན་གྱི་སྲོལ་བཏོད་ནས་ཁུངས་བཙུན་འབྲུ་མའི་བྲིས་རྒྱུན་དར་སྤེལ་བཏང་། དེ་རྗེས་རྒྱལ་དབང་བདུན་པས་རྩེ་སློབ་གྲྭ་བཙུགས་ནས་བཤར་མའི་བྲིས་རྒྱུན་གྱི་ལེགས་ཆའི་བཅུད་འདུས་པའི་གཞུང་བྲིས་ཀྱི་བྲིས་རྒྱུན་དར་སྤེལ་བྱུང་། དུས་མཚུངས་ཁམས་ཕྱོགས་སུ་ཐུ་མི་གཉིས་པ་སི་ཏུ་པཎ་ཆེན་བྱོན། ཆོལ་གསུམ་སྨྱུག་ཐོགས་ཀུན་གྱི་ཡང་རྩེ་ཕལ་ཆེར་སྡེ་དགེར་བསྡུས། ཁོང་གིས་སྔར་གྱི་ཐིག་བཤད་ཀུན་ལ་དཔྱད་བསྡུར་ནན་ཏན་དང་སྦྲགས། ཡིག་མཁན་ཀུན་གྱི་ལེགས་ཆ་བླངས་ཏེ་གཟབ་བཤར་འབྲི་ཚུལ་རང་རྐང་ཚུགས་པ་ཞིག་བཏོད་པ་སྡེ་བྲིས་ཡིན། དེ་རྗེས་སྐུ་འབུམ་ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་བྱོན་ནས་གངས་ཅན་ཡིག་འབྲིའི་བསྟན་པ་ཉམས་པ་ཐུགས་ལ་བརྣགས་ཏེ་སྔོན་གྱི་བྲིས་རྒྱུན་ཁུངས་བཙན་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཡིག་རིགས་སྣ་བརྒྱའི་ཕྱི་མོ་དཔར། དེ་རྗེས་རྒྱལ་དབང་བཅུ་གསུམ་པས་རྩེ་སློབ་གྲྭར་གཟིགས་སྐྱོང་བླ་ན་མེད་པ་གནང་བས་མགྲོན་གཉེར་ཆེན་མོ་ཀོག་པོ་བ་སོགས་ཡིག་གཟུགས་མཁས་པ་ཤིན་ཏུ་མང་བ་བྱུང་སྟེ་གཞུང་བྲིས་འབྲི་རྩལ་རྩེར་སོན་པར་གྱུར། བཀའ་དྲིན་མཚུངས་མེད་བདག་གི་བཤེས་གཉེན་དམ་པ། གཙང་ལྗོངས་ཀྱི་བྲིས་པ་ཆེན་མོ། དོན་གྱི་སླད་དུ་མཚན་ནས་སྨོས་པ་རྒྱལ་རྩེ་གཡུ་ཐོག་པ་༧འཕྲིན་ལས་དཔལ་འབྱོར་གང་ཉིད་ཀྱང་སྐུ་ན་ཕྲ་མོ་ནས་རྩེ་སློབ་གྲྭར་ཞུགས་ཏེ་གཟབ་བཤར་དཀྱུས་གསུམ་གྱི་འབྲི་ཚུལ་དང་། སུམ་རྟགས་དག་གསུམ་གྱི་བརྡ་དག བཅད་ལྷུག་སྤེལ་གསུམ་གྱི་རྩོམ་རྩལ། སྐར་ནག་བུན་གསུམ་གྱི་རྩིས་རིག་སོགས་ཐུན་མོང་དང་ཐུན་མིན་རིག་གནས་རྣམས་ཟབ་ཡངས་མཁྱེན་རབ་ཀྱིས་ཐུགས་སུ་མངའ་བར་མཛད་པ་ལགས་སོ།
|