ལན་ཝར་ཡིག་མཛོད་ཀྱི་བྱུང་བ་དང་འབྲེལ་པའི་གཏམ་ཐོར་བུ།
2018-04-13 23:38来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:རྟ་མགྲིན་མགོན་པོ།浏览数:347 

དང་པོ། ལན་ཝར་ཡིག་མཛོད་ཀྱི་བྱུང་བ་དང་འབྲེལ་པའི་

གཏམ་ཐོར་བུ།


ས་ལའི་སྨན་ལྗོངས་ངོ་མཚར་སྣོད་བཅུད་གངས་ཀྱིས་མཚན་པའི་ཡུལ་གྲུ་འདིར།།

ལན་ཝར་ལ་སོགས་ཕྱི་ནང་རིག་པའི་སོན་བཟང་གཡུ་ལོ་རབ་རྒྱས་ཏེ།།

སློབ་དཔོན་ཨ་ནུས་རྨོངས་མུན་དཀྲོགས་བྱེད་ཐབས་ཤེས་ཟུང་གི་ངོ་བོ་ཉིད།།

དབྱངས་གསལ་སོ་བཞིའི་མེ་ཏོག་འདབ་ཕྲེང་ལྷུག་པོར་བཞད་འདི་ཨེ་མ་བསྟོད།།

              ཅེས་ཤོ་ལོ་ཀ་གཅིག་གིས་མདུན་བསུས་ཏེ་གངས་ཅན་བོད་ཀྱི་ཤེས་རིག་གི་རྩ་བའམ་བློ་གྲོས་ཀྱི་ཉིང་བཅུད་དུ་གྱུར་བའི་ཡི་གེ་འདི་ཉིད་བྱུང་བ་དང་དར་རྒྱས་སུ་འགྲོ་བའི་ལོ་རྒྱུས་བརྒྱུད་རིམ་ཁྲོད།ནམ་མཁའི་སྐར་མའི་གྲངས་དང་མཉམ་པའི་གནའ་དེང་ཕྱི་ནང་གི་ལོ་པཎ་དང་མཁས་དབང་རྣམ་པའི་བཀའ་དྲིན་ལས་རང་རེའི་བོད་འདིར་ཡི་གེའི་གཟུགས་རིས་ཀྱི་ཆ་ཁོ་ན་ཙམ་ལ་གཞིགས་ནའང་རྣམ་གྲངས་མང་ལ་མཛེས་རྩལ་གྱི་རིན་ཐང་གཞལ་དུ་མ་ངེས་པའི་གཅེས་ནོར་རྩ་ཆེན་ཞིག་ཕྱི་རབས་དག་གི་སྤྱི་སྐལ་དུ་སྨིན་ཡོད་པ་མ་ཟད།  ཡི་གེ་ཡོད་པའི་འཛམ་གླིང་མི་རིགས་ཉིས་བརྒྱ་ལྷག་གི་ཁྲོད་དུ་ཡིག་གཟུགས་སྒྱུ་རྩལ་ཀྱི་རིག་གནས་འདི་ལྟ་བུ་ལྡན་མཁན་ལ་རང་རེའི་བོད་པ་དང་སོག་པོ།རྒྱ་ནག་སོགས་མི་རིགས་ཉུང་ཤས་ཙམ་མ་གཏོགས་མེད་པའི་དོན་དངོས་ལ་གཞིགས་ན་རང་རེའི་བོད་པའི་རིག་གནས་ཀྱི་བང་མཛོད་ནི་ཅི་འདྲའི་འཐུས་སྒོ་ཚང་ཞིང་ཞིབ་ཚགས་ལྡན་པ་ཞིག་རེད་ཨང་།

     དུས་རབས་ཉེར་གཅིག་པ་ནི་ཚན་རྩལ་གྱི་དུས་རབས་ཤིག་ཡིན་པ་དང་།   བོད་ཡིག་ཡིག་གཟུགས་རིག་གནས་འདི་ཚན་རིག་གི་ཞིང་ཁམས་སུ་བཀོལ་སྤྱོད་དང་རྒྱུད་འཛིན།སྲུང་སྐྱོབ་བཅས་བྱ་རྒྱུ་ནི་དུས་རབས་ཀྱི་འགྲོས་དང་བསྟུན་པའི་དགོས་མཁོ་ཞིག་གམ་འགན་འཁྲི་ཞིག་ཡིན།ང་ཚོའི་སྔོན་བྱོན་མཁས་དབང་རྣམ་པས་རྒྱལ་བའི་གསུང་རབ་རི་བོའི་གཏོས་དང་མཉམ་པ་ལྟ་བུ་དེ་དག་ལག་བྲིས་ཀྱི་ཐབས་ལ་བརྟེན་ནས་འབྲི་བཞེངས་གནང་པའི་རྣམ་དཀར་ཀྱི་རྒྱུ་ཚོགས་དུ་མས་བོད་ཀྱི་ཡིག་གཟུགས་དར་རྒྱས་ལ་སྐུལ་འདེད་ཆེ་ཆེར་བཏང་པ་དང་།ལྷག་པར་དུ་ཕྱག་དཔེ་དཀོན་པོ་དག་འགྲེམ་སྤེལ་ལ་སྔར་ལས་སྟབས་བདེ་བའི་དཔར་བརྐོའི་རིག་པ་བྱུང་བ་ནས་བཟུང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་བྲིས་རྒྱུན་ཁག་ཅིག་གི་གཟུགས་ཉམས་གཏན་འཇགས་སུ་གྱུར་བ་མ་ཟད།སྔར་ལས་ལྷག་པའི་སྒོ་ནས་བྲིས་རྒྱུན་སོ་སོ་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་བོད་ཁམས་ཀུན་ལ་ཁྱབ་པར་བྱས།

     དེང་གི་དུས་སུའང་གློག་རྡུལ་རིག་པའི་ལག་ཐབས་ལ་བརྟེན་ནས་བོད་ཡིག་འདི་ཚན་རིག་གི་ཁྱབ་ཁོངས་སུ་བགྲོད་ལམ་ཡང་བོར་ཕྱེས་པའི་ཐོག་མའི་དོན་གཉེར་མཁན་སོ་སོས་བླ་མེད་ཀྱི་འཕྲིན་ལས་ཅི་སྙེད་ཅིག་བསྒྲུབ་པ་མཚོན་ཙམ་གླེང་ན།ཐོག་མར་པེ་ཏ་ཧྥང་ཀྲིན་ཀུང་སིས་བོད་ཡིག་གི་ཡིག་འབྲུ་རེ་རེ་སྡེ་ཚན་དུ་བྱས་པའི་ཡིག་མཛོད་དང་ཕབ་འཇུག་མ་ལག་བཟོས་པ་ནིms-dosདུས་རིམ་གྱི་གྲུབ་འབྲས་ཡིན་ལ།ནུབ་བྱང་མི་རིགས་སློབ་ཆེན་གྱིས་དེ་ལས་གོམ་གང་མདུན་སྤོས་ཀྱིས་wpsམཉེན་ཆས་ལ་དམིགས་པའི་དོན་ཡོད་པར་གཞི་དང་པོ་དང་པར་གཞི་གསུམ་པ་བཟོས་ནས་ms-dosནས་windowsམ་ལག་གི་རྣམ་པར་བར་བརྒལ་བྱས་ཤིང་ཡི་གེའི་སྡེ་ཚན་ཇེ་ཆུང་དུ་བཏང་བའི་ཡིག་མཛོད་གསར་བཟོ་ཡིས་སྔར་མེད་ཀྱི་གྲུབ་འབྲས་བླངས་བ་རེད།རྗེས་སུ་མཚོ་སྔོན་མི་རིགས་སློབ་ཆེན་དང་བོད་ལྗོངས་མི་རིགས་སློབ་ཆེན་སོགས་ཀྱིས་ཀྱང་བོད་ཡིག་ཡིག་གཏགས་བྱེད་སྟངས་གསར་བ་དང་ཡིག་མཛོད་གསར་བ་སོགས་བཟོ་གནང་མཛད་དེ་ལག་རྩལ་དར་རྒྱས་ལ་གཅིག་རྗེས་གཉིས་མཐུད་ཀྱི་བྱས་རྗེས་བླ་མེད་བཞག་ཡོད།དེང་འདིར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ཨ་རིའི་ཕྲ་མཉེན་ཀུང་སིས་སྨོན་ལམ་བོད་ཡིག་དང་ཧི་མ་ལ་ཡ་སོགས་བོད་ཡིག་ཕབ་འཇུག་མ་ལག་བཟོས་པ་ལྷན་དུ།རྒྱལ་སྤྱིའི་ཚད་ལྡན་ཨང་སྒྲིག་དང་བསྟུན་པའི་ཡིག་མཛོད་བཟོས་བ་ནི་ལོ་རྒྱུས་ཀྱི་གྲུབ་འབྲས་གལ་ཆེན་དང་།ལག་རྩལ་གྱི་འཕེལ་རྒྱས་ཆེན་པོ་ཞིག་ཏུ་ངེས།

     གློག་རྡུལ་ཡིག་མཛོད་སོ་སོའི་ཡིག་གཟུགས་ལ་མཚོན་ན།ཐོག་མའི་ལྕགས་དཔར་ཡིག་གཟུགས་ཀྱི་རྣམ་པ་ནས་ད་ལྟའི་རྒྱུད་ལྡན་ཡིག་གཟུགས་ལ་བར་བརྒལ་བྱས་ནས་མི་རིགས་རིག་གནས་རང་ངོས་ཀྱི་ཆོས་ཉིད་དང་ཁྱད་ཆོས་རྒྱུན་འཛིན་ལ་མཐོང་ཆེན་བྱས་པ་མཐོང་ཐུབ་ལ།ལྷག་པར་དུ་ཡིག་མཛོད་ཀྱི་ཨང་སྒྲིག་རྒྱལ་སྤྱིའི་ཨང་སྒྲིག་དང་སྒོ་ཀུན་ནས་བསྟུན་ཐུབ་པ་ནི་པར་འདེབས་དང་སྨྱན་མང་བརྡ་ཁྱབ།བརྡ་འཕྲིན་གཏོང་ལེན་སོགས་ལས་རིགས་གང་མང་ཞིག་གི་ཁྲོད་དུ་བོད་ཡིག་བེད་སྤྱོད་སྟབས་བདེ་བསྐྲུན་པ་མ་ཟད།ITཁྱབ་ཁོངས་སོགས་སུའང་བོད་ཡིག་གི་འབྱོན་ལམ་ཡངས་བོར་བཏང་བ་དང་།ནང་སྒོས་སུ་བོད་མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོར་དར་རྒྱས་ཡུན་རིང་སོང་པའི་རྒྱུད་ལྡན་ཡིག་གཟུགས་སྐོར་ཞིག་ཀྱང་ཚན་རིག་གི་དུས་རབས་གསར་པར་སྐྱོད་པའི་འགག་རྩར་གྱུར་ཡོད།  དཔེར་ན་བོད་ཀྱི་རྒྱུད་ལྡན་བྲིས་གཟུགས་ལས་དབུས་བྲིས་རྒྱུག་འཁྱུག་དང་འབྲུ་ཚ།ཨ་མདོའི་སྨོན་ལམ་དབུ་ཅན། མགོ་ལོག་སྡེར་ནང་ས་བྲིས་སོགས་གློག་རྡུལ་ཡིག་མཛོད་ཀྱི་རྣམ་པའི་ཐོག་ནས་བོད་མདོ་དབུས་ཁམས་གསུམ་མ་ཟད་འཛམ་གླིང་ལ་ཕྱོགས་པའི་གོམས་སྟབས་མགྱོགས་པོ་བྱུང་བ་ནང་བཞིན་ཡིན།

     ཡིན་ནའང་དེ་ལྟ་བུའི་རླབས་རྒྱུན་དང་འགྲོགས་ནས་བལྟས་ན་བོད་རང་གི་ཡིག་གཟུགས་སྒྱུ་རྩལ་གྱི་ཁྲོད་དུ་ཅིས་ཀྱང་མེད་དུ་མི་རུང་པའི་ཡིག་གཟུགས་ཞིག་སྟེ།ལཉྫ་དང་ཝརྟུ་གཉིས་ད་བར་དུ་གློག་རྡུལ་ཡིག་མཛོད་ཀྱི་ཞིང་ས་གཤིན་པོར་རེ་བའི་འབྲས་བུ་མ་སྨིན་པར་ལུས་འདུག་པས།དེང་རབས་འཕྲུལ་དཔར་སོགས་ཀྱི་ཁྱབ་ཁོངས་སུ་སྔར་བཞིན་ལག་བྲིས་སུ་ཕབ་པའི་ལན་ཝར་སུམ་རྐང་དག་རི་མོའི་རྣམ་པའི་སྟེང་ནས་ཡི་གེའི་ཁྲོད་དུ་བར་བཅུག་བྱེད་པ་ནི་ལན་ཝར་ཡིག་གཟུགས་འདིར་གློག་རྡུལ་ཡིག་མཛོད་ཀྱི་ཁྲོད་དུ་སྟོང་ཆ་དང་རྗེས་ལུས་ཀྱི་རྣམ་པ་ཞིག་ཡིན་ལ།ལོ་ངོ་བདུན་གྱི་སྔ་རོལ་ནས་སྟོང་ཆ་འདི་གསབ་དགོས་པའི་འདུན་པ་སྐྱེས་ཡོད་ནའང་། གཅིག་ནས་ལན་ཝར་གྱི་ཡིག་ངོ་མི་ཆོད་པའི་གནས་ཚུལ་འོག་བདག་ལ་མཚོན་ན་ལས་སླ་བོ་ཞིག་རྩ་བ་ནས་མ་ཡིན།བདག་གིས་ལས་གཞི་འདིའི་ཆེད་དུ་ཐོག་མར་ལན་ཝར་གྱི་ཡིག་གཟུགས་ལ་སློབ་སྦྱོང་དང་།བར་དུ་སྔགས་ཡིག་ལ་དཔྱོད་པའི་དཀའ་ལས། མཐའ་མར་ལན་ཝར་ཡིག་གཟུགས་ཀྱི་ཐུན་མོང་མ་ཡིན་པའི་འབྲི་སྟངས་དང་།གཟུགས་འགྱུར་ཚུལ། སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་པའི་མཛེས་དཔྱོད་སོགས་ལ་ནང་བྱན་ཆུབ་པ་ཞིག་མ་བྱུང་ན་འགྲུབ་དཀའ་བ་མ་ཟད།བོད་ཡིག་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་རེ་ལག་རྩལ་གྱི་ངོས་ནས་ཐག་གཅོད་ཐུབ་དགོས་པའི་གནད་འགག་ཐག་གཅོད་ཀྱི་ཐབས་ལམ་འཚོལ་ཞིབ་སོགས་རབ་དང་རིམ་པའི་དཀའ་གནད་མང་པོ་ཞིག་གྲོལ་དེ་རྒྱུད་ཁུངས་སྣ་ཚོགས་དང་མཉེན་ཆས་སྣ་ཚོགས་ཀྱི་ཁྲོད་བེད་སྤྱོད་ཐུབ་པའི་ཡིག་མཛོད་ཞིག་ལེགས་འགྲུབ་ཐུབ་པར་གདེང་ཚོད་ཅུང་ཟད་ཡོད་པའི་རྨང་གཞིའི་སྟེང་༢༠༡༥ལོའི་ལོ་མགོར་དངོས་སུ་ལས་གཞི་འདིའི་མགོ་བརྩམས་པ་ཡིན།སྔ་རྗེས་སུ་ལོ་ངོ་གསུམ་ཙམ་ལ་ལས་ཀ་འདིའི་རྒྱུན་བསྐྱངས་མཐར་ལཉྫ་དང་ཝརྟུ་སོ་སོར་ཡིག་འབྲུ་དང་མཚོན་རྟགས་སྟོང་ཕྲག་དྲུག་ལས་བརྒལ་བ་ཙམ་བཟོས་ནས་༢༠༡༨ལོའི་བོད་ཟླ་༢་ཚེས་༡༡གི་ཉིན་བཟང་ལ་ཡོངས་སུ་རྫོགས་པར་ལེགས་འགྲུབ་བྱུང་ལ།འཇམ་དབྱངས་ལཉྫ་དང་འཇམ་དབྱངས་ཝརྟུ་ཞེས་པའི་ཡིག་མཛོད་པར་གཞི1.05ཅན་དངོས་སུ་འགྲེམ་སྤེལ་བྱས་པ་ཡིན།


兰札字样.jpg



མི་འགྱང་བར་དྲ་ངོས་ནས་རིན་མེད་འབུལ་སྦྱིན་བྱ་རྒྱུ་ཡིན།

尽善尽美 尽善尽美   


会员登录
登录
我的资料
留言
回到顶部