‌བོད་ཀྱི་ཡི་གེའི་འབྲི་ཚུལ་གྱི་དགོས་པ་གླེང་བ།
2018-03-18 19:24来源:བོད་ཀྱི་ཡིག་གཟུགས་དྲ་བ།作者: ལྕང་སྐྱེས་རྟ་མགྲིན་ཚེ་བརྟན། ༼མང་རྫོང་།༽浏览数:325 

བོད་ཀྱི་ཡི་གེའི་འབྲི་ཚུལ་གྱི་དགོས་པ་གླེང་བ།

                   

ལྕང་སྐྱེས་རྟ་མགྲིན་ཚེ་བརྟན། ༼མང་རྫོང་།༽


    འཇུ་མི་ཕམ་གྱིས། འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི།། དང་པོ་ཉིད་ནས་འདི་ལ་འབད་པར་གཅེས།། སློབ་དཔོན་པདྨས། ཆོས་ལ་ཀློག་འདོན་བྱེད་པའི་ཡོན་མཆོད་རྣམས།། དང་པོ་གཞོན་དུས་འབྲི་ཀློག་གཉིས་ནི་ལེགས་པར་སྦྱོང་།། ཞེས་སྔོན་བྱོན་མཁས་བ་གཉིས་ཀྱི་ལེགས་པར་བཤད་པའི་གཏམ་གྱིས་མདུན་བསུ་ནས་འདིར་བརྗོད་འདོད་པ་ལ་ཤེས་ནས་སྨྲ་བ་རྣམས་ཀྱིས་དུས་རྟག་ཏུ་ཡི་གེའི་དག་ཆ་དག་ཆ་ཟེར་བ་དང་། ཡིག་གཟུགས་ཡིག་གཟུགས་ཟེར་ནས་གལ་བོ་ཆེ་ལ་ནན་ཏན་དུ་གསུངས་བའི་གནད་ཀ་ནི་དེ་ཉིད་མི་རིགས་ཤིག་གི་དར་རྒུད་ཀྱི་སྲོག་རྩ་ལ་ཐུག་ཡོད་པས་རེད། དེའི་རྒྱུ་མཚན་གཙོ་བོ་ནི་བོད་རང་གི་བརྡ་སྤྲོད་པའི་གཞུང་ལུགས་ལྟར་ན་ཡི་གེའི་ངོ་བོ་ནི་མི་འགྱུར་བ་སྟེ། སྐྱེས་བོ་སུས་ཀྱང་ངག་ནས་དག་པར་བཀླགས་ན་ཡི་གེའི་གདངས་གཞན་དུ་མི་འགྱུར་བ་དང་། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་ལ་བོད་ཀྱི་ཡི་གེར་ངོས་འཛིན་བྱེད་པས་ན་གདངས་དེ་ཉིད་ལེགས་པར་མཚོན་པའི་ཡི་གེའི་གཟུགས་རིས་སམ་རི་མོ་རང་བཞིན་དེ་ལ་ཡི་གེའམ་ཡིག་གཟུགས་ཀྱང་བརྗོད་པ་ཡིན། དེ་ཡང་བོད་ཡིག་ནི་དབྱངས་གསལ་གྱི་དབང་དུ་བཏང་ན་ཡི་གེ་དུ་མ་སྤྱི་འདུས་ཀྱི་མིང་ཕྲད་རྩོམ་པའི་གཞིར་གྱུར་བའི་སྐད་ཀྱི་གདངས་ཡིན་ཞིང་། མིང་ཚིག་བརྗོད་པ་སྤྱིའི་དབང་དུ་བཏང་ནའང་བརྗོད་བྱ་སྟོན་པའི་སྐད་ཆ་མཚོན་བྱེད་ཡིན་ཏེ། ཡུལ་དུས་ཀྱི་བསྐལ་བ་སེལ་བའི་ཆེད་དུ་ཡི་གེའི་ལམ་ནས་ཕན་ཚུན་ལ་གོ་བརྡ་སྤྲོད་དགོས། ཡི་གེ་བྲིས་ལེགས་ཤིང་ཁ་གསལ་དག་ཆ་ཐོན་ན་གཞན་གྱི་གོ་བ་ལོན་པར་སྟབས་བདེ་བ་དང་སྙོམས་ཆ་དང་མཛེས་ཉམས་ཐོན་ན་གཞན་གྱིས་བལྟ་འདོད་པ་ཡིན། ཡི་གེའི་ངོས་འཛིན་ཐད་ནས་འཛམ་གླིང་མི་རིགས་ཁག་གི་ནང་འགྲེལ་སྟངས་སྣ་ཚོགས་ཤིག་ཡོད་ནའང་། བོད་རང་གི་སྐད་བརྡའི་ཆོས་ཉིད་གཞིར་བཟུང་ནས་གོ་བ་ཆགས་པ་ནི་སྐད་ཀྱི་གདངས་ལ་བྱ་བས་དེས་བོད་ཀྱི་ཡི་གེའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་དེ་གསལ་སྟོན་བྱས་ཡོད། དེ་ལྟ་བུའི་སྒྲ་སྦྱོར་ཅན་གྱི་ཡི་གེ་འདི་ལ་སྒྲ་གཟུགས་དོན་གསུམ་ཚང་དགོས་ཏེ་སྒྲ་ཁ་ལ་བདེ་ཞིང་ཚིག་རྣ་བར་སྙན་པ། གཟུགས་མིག་ལ་མཛེས་ཤིང་བརྗོད་བྱ་དོན་གྱི་དགོས་པ་ཡོངས་སུ་རྫོགས་པར་སྟོན་ནུས་བ། བརྗོད་དོན་ཕུན་སུམ་ཚོགས་ཤིང་མིའི་བསམ་བློ་མཐའ་དག་ངང་གིས་གཏམས་པ། དེས་ཡུལ་དུས་ཀྱི་བསྐལ་བ་སེལ་ཏེ་མི་རྣམས་ཀྱི་བར་ལ་བསམ་བློ་གོ་བརྡ་སྤྲོད་བྱེད་ཀྱི་ལག་ཆ་ལྟ་བུ་ཞིག་ཏུ་ངེས། ཡི་གེའི་ལམ་ནས་མིའི་དགའ་སྐྱོ་ཆགས་སྡང་གི་ཡིད་འགྱུར་མཚོན་པའི་རྩོམ་ཡིག་རིང་ཐུང་ཅི་རིགས་འབྲི་དགོས་པར་ཡིག་གཟུགས་ཀྱི་དག་ཆ་དང་མཛེས་རྩལ་གྱི་རིན་ཐང་ལྟ་བར་མཐོང་ཆེན་བྱེད་དགོས་པ་དང་། མིའི་དཔྱོད་རྟོག་མཛེས་ཚོར་གྱི་རིག་གནས་སེམས་གཤིས་ལ་བརྩི་མཐོང་བྱེད་རྒྱུར་གལ། ཡང་སྙིང་བོད་ཡིག་གི་ཡི་གེའི་ལྷུ་ལག་རེ་རེའི་འབྲི་སྟངས་ལ་ཐུན་མིན་གྱི་སྒྱུ་རྩལ་སྣང་བརྙན་མངོན་པར་གསལ་ཞིང་། མཛེས་རྩལ་གྱི་ཁྱད་ཆོས་ལྡན་པའི་ཡིག་གཟུགས་འབྲི་ཚུལ་དེ་དག་ལའང་རི་མོ་དང་སྒྱུ་རྩལ། གཏན་ཚིགས་བཅས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་བོད་སྲོལ་རྒྱུན་གྱི་བྲོ་བ་མ་ཉམས་པའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་རེད། དེའང་བོད་ལ་སྔར་ཡི་གེ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་རིམ་གྱིས་གྱ་ནོམ་པར་འཐུས་ཚང་བའི་གོ་རིམ་ནང་བོད་ཡིག་བོད་སྐད་ནང་འཐིམ་ཡོད་པའི་བོད་མིའི་སེམས་ཚོར་མཐའ་དག་ལུང་དུ་བསྟན་ཅིང་། གཞུང་དང་བསྟན་བཅོས་དང་དེའི་དགོངས་འགྲེལ་གྱི་ནང་དོན་ཡོད་ཚད་མངོན་པར་བསྟན་ཡོད། དབྱངས་གསལ་སོ་བཞི་དང་སྔོན་རྗེས་འཇུག་རྣམ་དབྱེ་རྐྱེན་ཕྲད་ཀྱི་རྣམ་གཞག་གི་རིག་པ་དང་ལྡན་པའི་ཡི་གེ་དེས་ལོ་ངོ་སྟོང་ཕྲག་ལྷག་གི་ཁ་བ་རི་བོའི་ཆོས་སྲིད་འཕེལ་འགྲིབ་ཀྱི་ལོ་ཟླའི་ནང་བཀོལ་ཞིང་། བོད་མིའི་བསམ་བློ་དང་ཡ་རབས་ཀུན་སྤྱོད་ཀྱི་འཇུག་ལྡོག་ཐད་ནས་ནུས་བ་བླ་ལྷག་གིས་བཏོན་དང་ཐོན་བཞིན་པ་ཤིན་ཏུ་གསལ། བོད་ཀྱི་ཡི་གེའི་ནང་དོན་དང་རྣམ་པ་གཟུགས་རིས་གང་གི་ཐད་ནས་བལྟས་ཀྱང་བརྗོད་བྱའི་ནང་དོན་གྱིས་ཡིད་འཕྲོག་ཅིང་ཚིག་སྦྱོར་དང་ཕྱིའི་གཟུགས་བརྙན་གྱིས་མིག་དབང་ཅིག་ཅར་དུ་འཕྲོག་ཐུབ་པའི་ཐུན་མིན་ཁྱད་ཆོས་འདིས་སྐྱེ་བོ་ཀུན་ལ་མཛེས་ཚོར་གྱི་ཡོན་ཏན་དཔག་ཏུ་མེད་པ་སྦྱིན་འོངས་ལ།

          དེ་ནི་མིའི་སེམས་ཁམས་རིག་པའི་མཛེས་རྟོག་གི་རིན་ཐང་ཆོས་ཉིད་ལ་ཤིན་ཏུ་མཐུན་ཞིང་ཡི་གེ་རང་སྟེང་ལ་གྲུབ་པའི་སྒྱུ་རྩལ་རིན་ཐང་གི་གོ་གནས་ལ་གདེང་འཇོག་དང་གོང་ཐང་མཚོན་ཡོད་པ་མ་ཟད། དེས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཐོན་པའི་དགེ་མཚན་དང་དངོས་ཡོད་འཚོ་བའི་བཀོལ་སྤྱོད་རིན་ཐང་ལའང་བདེན་དཔང་ཡང་དག་པ་ཅིག་བྱས་ཡོད། ཡིག་གཟུགས་དེའང་མཐར་གཏུགས་ན་ཐོག་མར་སྐད་ཆའི་དགོས་མཁོ་དབང་གིས་བྱུང་བ་ཞིག་ཡིན་ནའང་མདོ་དབུས་མཐོ་གཞོངས་འདིའི་ལོ་ངོ་སྟོང་ཕྲག་དུ་མའི་ཀྱག་ཀྱོག་གི་ལོ་རྒྱུས་འཕེལ་བའི་གོ་རིམ་ནང་ངག་བརྒྱུད་ཡི་གེའམ་སྐད་ཆ་དེ་བརྡ་སྤྲོད་སུམ་རྟགས་དང་བསྟུན་དགོས་པའམ་ཡང་ན་བརྡ་སྤྲོད་རིག་པ་འདི་ཉིད་མིའི་བསམ་གཞིགས་མཐོར་འདེགས་དང་བསྟུན་ནས་འཕེལ་རྒྱས་འཐུས་ཚང་དུ་འགྲོ་བའི་སྐད་ཆའི་དགོས་མཁོ་ལྟར་ཁ་སྐོང་གསར་བཅོས་བྱེད་རྒྱུའི་གནད་འགངས་ཅིག་ལ་ཐུག་ནའང་། དཔལ་ལྡན་ཐོན་མིས་བོད་ཀྱི་སྐད་གདངས་དང་མཐུན་པའི་སྒྲ་སྦྱོར་ཅན་གྱི་ཡིག་རིས་འདི་གསར་བཟོས་གནང་བ་དེས་ཁ་བ་རི་བོའི་ཡུལ་གྲུ་འདིར་དཔལ་ཡོན་ལྡན་པའི་ཤེས་རིག་གི་ཉི་གཞོན་བསུ་བའི་སྐྱ་རེངས་འཆར་བའི་དབུ་བསླངས་ཤིང་། སྔོན་བྱོན་སྐད་གཉིས་སྨྲ་བའི་ལོ་པཎ་རྣམས་ཀྱི་ཐུགས་བསྐྱེད་ལས་རྒྱ་གར་འཕགས་ཡུལ་གྱི་བཀའ་བསྟན་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་མཐའ་ཡས་པ་བོད་ཡིག་བོད་སྐད་དུ་བསྒྱུར་ཞིང་དེའི་རྗེས་སུ་བོད་དུ་བཀའ་དགེ་ས་ཕག་གི་ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱིས་བསྟན་བཅོས་མང་པོ་ཆར་རྗེས་ཀྱི་ཤ་མོ་བཞིན་རྩོམ་གྲུབ་གནང་བ། ལྷག་པར་དུ་རྗེ་ཙོང་ཁ་བའི་སྐུ་རིང་ལ་བཀའ་བསྟན་པར་བསྒྲིག་གི་རིག་གནས་ལས་འགུལ་དེས་ཕྱིས་བྱུང་བོད་ཀྱི་སྐད་བརྡ་གཅིག་གྱུར་དང་གཞུང་ལུགས་འཐུས་ཚང་། ཡིག་གཟུགས་དང་དག་ཆ་སོགས་ཐད་ནས་སྔར་མ་བྱུང་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཀྱི་ནུས་བ་ཆེན་པོ་ཐོན་ཡོད། མི་རིགས་ཤིག་གི་ལོ་རྒྱུས་རིང་ཐུང་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་འཛིན་ས་གཙོ་བོ་ནི་མི་རིགས་དེའི་ཡི་གེ་བྱུང་བའི་དུས་དང་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་རྣམ་པའི་ཐོག་ནས་རྟོགས་དགོས། དེ་ཕྱིར་རྡོ་བྲག་བརྐོས་ཀྱི་རི་མོ་སྣ་ཚོགས།ས་འོག་ནས་ཐོན་པའི་རིག་རྫས་སོགས་ལ་གཞི་བཅོལ་ནས་བརྟག་ན་གནའ་སྔ་མོའི་དུས་ནས་བོད་ལ་རི་མོ་རང་བཞིན་དང་བརྡ་རྟགས་རང་བཞིན་གྱི་བཀོལ་བདེའི་ཡི་གེ་ཞིག་ཡོད་པ་རིག་པས་གསལ་རྟོགས་ཐུབ་ནའང་། དུས་རབས་བདུན་པའི་ནང་ཐོན་མིས་བོད་ཀྱི་ཡི་གེའི་གཟུགས་རིས་ཕྲ་ཞིང་ཞིབ་པ་མཛད་པ་ནས་བཟུང་ད་ལ་ཐུག་གི་བར་དུ་དུས་རབས་རིམ་བྱུང་གི་མཁས་དབང་ཉི་ཟླ་རྣམས་ཀྱིས་ཡི་གེའི་འབྲི་ཚུལ་གྱི་གོ་རིམ་ལེགས་བཅོས་དང་འཕེལ་རྒྱས་གྱ་ནོམ་པ་བཏང་ཡོད་པ་དེས། བོད་ཡིག་ཡིག་གཟུགས་ཀྱི་བཀོལ་སྤྱོད་རང་བཞིན་དང་གལ་ཆེན་རང་བཞིན་ལ་རྨང་གཞི་བརྟན་པོ་ཞིག་བསྐྲུན་ཡོད་པ་ཡིན། མདོར་ན་བོད་ཡིག་ནི་ཁ་བ་གངས་ཅན་པའི་མི་རིགས་འདིའི་སྲོག་རྩ་ལྟ་བུ་ཆགས་འདུག་ལ། བོད་ཀྱི་སྲིད་འབྱོར་རིག་གསུམ་དང་ཆོས་ལུགས། ཡུལ་སྲོལ་གོམས་གཤིས། མཛེས་དཔྱོད་ལྟ་བ། རིག་གནས་སེམས་ཁམས་སོགས་ཀྱི་རྟེན་གཞི་དང་བསམ་བློ་བརྗེ་རེས་བྱེད་པའི་ཡོ་བྱད་གལ་ཆེན་ཞིག་ཀྱང་ཡིན་པས། དེ་རྒུད་པའམ་མེད་པར་བཟོས་ན་བོད་མི་རིགས་ཀྱི་སྐད་ཆ་དང་བསམ་པའི་འཁྱེར་སོ། སྤྱོད་ལམ་སོགས་རིམ་གྱིས་ཉམས་ནས་མཐར་མི་རིགས་ཧྲིལ་བོ་ཡ་བྲལ་རྩ་གཏོར་དུ་འགྲོ་བས་ཡིན། རྫོགས་སོ།

༢༠༡༥ལོའི་ཟླ༡པའི་ཚེས་༣ཉིན་ལ་བྱ་གཞུང་དུ་བྲིས།

会员登录
登录
我的资料
留言
回到顶部