设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

གངས་ཅན་ཡི་གེའི་དྲིས་ལན་བརྒྱ་བ། ལྔ

 二维码 470
发表时间:2018-02-15 11:00作者:དྲིས་ལན་སྤེན་ནོར། དྲི་བ་དགེ་མང་འཇམ་དཔལ།来源:བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཕྲིན་སྟེགས།


༡༩ དབུ་སྟོན་དང་། གཞུང་སྟོན། མཐའ་སྟོན་སོགས་ནི་བཀུར་བཟོས་ཀྱི་རྣམ་པ་མི་འདྲ་བ་ཡིན་ནམ་ཡང་ན་ཡིག་མཁན་གྱི་གོ་མིང་ཡིན།

     ལན།  ཡིག་མཁན་འབྲེ་བ་ཡོན་ཏན་གྱིས་བཙན་པོ་ཁྲི་ལྡེ་སྲོང་བཙན་ནམ།སད་ན་ལེགས་མཇིང་ཡོན་ལ་ཡི་གེའི་སྟོང་ཕུལ་བས། བཙན་པོ་མགུ་སྟེ་ཡིག་མཁན་དེ་ཉིད་ལ་བཀུར་བཟོས་རྣམ་པ་མང་པོ་གནང་བའི་མིང་ཡིན།དེའང་ཡིག་མཁན་གྱིས་དཔེ་ཆའི་དབུ་འཛུགས་སྐབས་སྟོན་མོ་བཤམས་པ་དབུ་སྟོན་དང་། དཔེ་ཆའི་དཀྱིལ་ལམ་གཞུང་ལ་སླེབས་སྐབས་སྟོན་མོ་བཤམས་པ་གཞུང་སྟོན།དཔེ་ཆ་རྫོགས་པར་བྲིས་རྗེས་བཤམས་པའི་སྟོན་མོ་མཐའ་སྟོན། ཡིག་མཁན་གྱི་བཟའ་བཏུང་ལེགས་ཉེས་ལྟ་རྟོག་བྱེད་མཁན་ཆེད་དུ་བསྐོས་པ་ཟ་སྲུང་།ཡི་གེ་བྲིས་ནས་ཟླ་བ་གཅིག་འཁོར་མཚམས་སུ་བཤམས་པའི་སྟོན་མོ་ཟླ་སྟོན། ཡིག་མཁན་དབུ་སྐྲ་བསིལ་རན་པའི་ཚོད་དུ་བཤམས་པའི་སྟོན་མོ་སྐྲ་འཁྲུད་ཆུ་སྟོན།སྐབས་སྐབས་སུ་བཟའ་བ་དང་མཉམ་དུ་སྤྲོད་རྒྱུའི་རྔན་པར་ཟ་འདེགས་ཅེས་བརྗོད་པ་ཡིན་ནོ། །སྟོན་མོ་དེ་དག་ཕྱིས་ཀྱི་བཙན་པོ་རིམ་བྱོན་རྣམས་གྱིས་ཀྱང་ཡིག་མཁན་ཚད་ལྡན་རྣམས་ལ་གནང་སྐད་དོ།།

༢༠ བསྟན་པ་ཕྱི་དར་རིང་དབུ་ཆེན་ཡི་གེའི་འབྲི་སྲོལ་ལ་འགྱུར་བ་ཅི་འདྲ་བྱུང་ཡོད་དམ།

      ལན།  དེའང་བསྟན་པའི་མེ་རོ་སྨད་ནས་གསོ་འགོ་བརྩམ་པའི་ཚེ།ཡི་གེའི་མཁན་པོ་སྒྲོ་གཉའ་ཤ་རི་བྱ་བས་གྲ་ཤོད་གཉིས་ཀྱིས་བྲིས་པའི་རྡོ་རིང་གི་ཕྱག་བྲིས་ལ་ཐིག་ཚད་ཀྱི་གཞི་བཅོལ་ནས་བྲིས་ཀྱང་།བྲིས་ཉམས་སེང་གེ་གནམ་མཆོང་ཇི་བཞིན་མ་བྱུང་བར་གསར་པ་ཞིག་ཆགས་སྟབས། བྲིས་གཟུགས་དེ་ལ་བར་གསར་ཞེས་ཐོགས་ཤིང་།བྲིས་རྒྱུན་ཡང་ཅུང་དར། དེ་མིན་གྱི་ཡིག་མཁན་ཤཱཀྱ་རྡོ་རྗེ་དང་། མཐོང་བ་རྡོ་རྗེ་དཔོན་སློབ་སོགས་བྱུང་ཡང་བྲིས་ཀྱི་ཉམས་འགྱུར་ཅི་འདྲ་ཡིན་མི་གསལ།དེ་བས་སྐབས་དེར་ཡི་གེའི་མཁན་པོ་རིགས་གསུམ་མགོན་པོའི་སྤྲུལ་པར་གྲགས་པ་གསུམ་བྱོན་པ་སྟེ།སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྤྲུལ་སྐུ་ཀ་བ་རིང་པོ་དང་། འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཁྱུང་པོ་གཡུ་ཁྲི།ཕྱག་ན་རྡོ་རྗེའི་སྤྲུལ་པ་ཏྲ་ཤོད་འབུམ་མེ་བཅས་གསུམ་བྱོན། དེའི་མཐུས་བོད་ཡུལ་མཐའ་དབུས་ཀུན་ཏུ་ཡི་གེ་འབྲི་བ་དང་།སྒོམ་པ། འཆད་པ་ལ་སོགས་པ་ཆེས་མང་དུ་འཕེལ། ཁྱད་པར་ཁྱུང་པོ་གཡུ་ཁྲི་ཉིད་སྔོན་གྱི་ཐུགས་བསྐྱེད་ཉམས་སད་པ་ལྟ་བུས་སུས་ཀྱང་སྐུལ་བ་མེད་པར་ཐུ་མིས་གཏེར་དུ་སྦས་པའི་ཡིག་དཔེ་ཡིག་ཆས་རྣམས་གཏེར་ལས་བཞེས།རྒྱ་གར་ནས་བསྒྱུར་བའི་ཡི་གེ་ཆེ་བ་སེང་གེ་གནམ་འཕྱོ་དང་། འབྲིང་མུ་ཏིག་བསྟར་བརྒྱུས། ཆུང་བ་ནས་སྔོན་ཕྱིང་དཀར་དུ་བཀྲམས་འདྲ་བ།ཐིག་གི་ཆར་བགོས་ནས་བཏབ་པ་རྣམས་ལ་དཔེ་མཛད། རིགས་གསུམ་མགོན་པོ་གསོལ་བ་བཏབ་པས་ཡི་གེ་འབྲི་སྒོམ་འཆད་གསུམ་གྱི་ལུང་བསྟན་དང་།ཡི་གེའི་དངོས་གྲུབ་ཐོབ་པས། སྨྱུ་གུ་དང་། སྨྱུག་གྲི། ཤོག་ཆ། ཡིག་ཆོས་ཀྱི་བསྟན་བཅོས་རྣམས་བརྩམས།སློབ་མ་ནམ་མཁའི་སྐར་ཚོགས་ལྟར་མང་བ་བསྐྱངས་པ་ལས་གྲགས་ཆེ་བ་བཅུ་གཉིས་བྱུང་བ་ནི། སྔ་རབས་དང་པོའི་བུ་བཞི་དང་།བར་དུས་ཀྱི་བུ་བཞི། ཕྱི་དུས་ཀྱི་བུ་བཞིའོ། །དེ་རྣམས་ལས་བར་དུས་ཀྱི་བུ་བཞི་མཁས་པར་གྲགས་པ་སྟེ།ཆོས་ཀྱི་སེང་གེ  སེང་བ་ན་ཆུང་། དགའ་བ་འབྲོག་འཕན།སུམ་པ་རྒྱ་གར་རོ། །དེ་བཞི་ལས་ཀྱང་སུམ་པ་རྒྱ་གར་གྲགས་ཆེའོ། །དེའི་རྒྱུད་ལ་སུམ་པ་དགེ་སློང་དང་།སུམ་པ་རྩེ་མོ། སུམ་པ་དཔོན་སེང་སོགས་བྱུང་། དེ་ནས་དེ་དག་གི་རྒྱུད་ལ་སུམ་པ་གནོད་སྦྱིན་ཞེས་པའི་ཡིག་མཁན་བྱུང་།ཁོང་གི་སློབ་མ་རོང་པོ་བས་ཡི་གེའི་ཐིག་རིས་གསལ་བའི་རིན་ཆེན་སྒྲོམ་བུ་ཞེས་པའི་ཆ་ཚད་ཀྱི་བསྟན་བཅོས་མཛད་དོ།།དེ་དག་ནི་སྔར་གྱི་བྲི་རྒྱུན་ཁུངས་ལྡན་གྱི་ལོ་རྒྱུས་ཡིན་ལ། རྗེས་སུ་ཡུལ་ལུང་སོ་སོར་བྲི་རྒྱུན་མང་དུ་མཆེད་པ་བཤད་པས་མི་ལང་ངོ་།།

 ༢༡ སློབ་དཔོན་ཐུ་མིས་གཟབ་མ་དང་བཤར་མའི་གཟུགས་མཉམ་དུ་བཟོས་སམ་ཇི་ལྟར་ཡིན།

     ལན། དེ་ལ་ཞ་ལུ་ལོ་ཆེན་སོགས་ཀྱིས་རྗེས་སུ་དཔག་པའི་རིགས་པས་ཐུ་མིས་ལཉྩ་ལ་དཔེ་བལྟས་ནས་གཟབ་མའམ་དབུ་ཆེན་དང་།ཝརྟུ་ལ་དཔེ་མཛད་དེ་བཤར་མའམ་དབུ་མེད་མཛད་ཅེས་གཟབ་བཤར་གཉིས་དུས་མཉམ་དུ་མཛད་པར་བཞེད་ཅིང་།བཞེད་ཕྱོགས་འདི་འཐད་ལྡན་དུ་འདོད་པའང་མང་མོད། རང་ལུགས་ཐུ་མིའི་སྐུ་དུས་གཟབ་མ་ལས་བཤར་མ་མེད་ཅིང་།གཟབ་མ་མགྱོགས་བྲིས་ལས་བཤར་མ་རང་བཞིན་གྱིས་ཐོན་པར་འདོད་པ་ཡིན། གལ་ཏེ་ཐུ་མིས་གཟབ་བཤར་གཉིས་དུས་གཅིག་ཏུ་མཛད་ན།བཤར་མའི་ཡིག་གཟུགས་བརྐོས་པའི་བཙན་པོའི་སྐབས་ཀྱི་རྡོ་རིང་ངམ། བྲག་བརྐོས་སམ། ལུགས་སུ་བླུགས་པའི་ཅོང་གི་ཡི་གེ་ལྷག་ལུས་རེ་ཟུང་ཡོད་དགོས་པ་ལ།གཏན་ནས་སྣང་དུ་མེད་པར་ཐམས་ཅད་གཟབ་མའི་གཟུགས་འབའ་ཞིག་ཡིན་པའི་གཏན་ཚིགས་ཅི། དེས་ན་བཤར་མའི་གཟུགས་ནི་བཤར་མ་ཞེས་པའི་མིང་དོན་ལྟར་གཟབ་མ་བཤར་བཤར་བྲིས་པ་ལས་ཐོན་པའི་བྲིས་གཟུགས་ཡིན་པས་དེ་ལྟར་ཐོགས་ཤིང་།རྒྱུ་མཚན་དེའི་དབང་གིས་བཙན་པོའི་རྒྱལ་རབས་ཀྱི་དུས་མཇུག་ཏུ་བྲིས་པའི་བྲག་དང་རྡོ་བར་བརྐོས་པའི་ཡི་གེ་དང་།ཏུན་ཧོང་ཤོག་དྲིལ་ཡི་གེ་སོགས་མང་པོ་ཞིག་གཟབ་མ་བཤར་ནས་བྲིས་ཏེ་གཟབ་བཤར་གཉིས་ཀྱི་བར་གནས་ལྟ་བུའི་ཉམས་འགྱུར་ཡོད།དེ་བཞིན་རིགས་པས་དཔྱད་ན་བཤར་མའི་བྲི་རྒྱུན་རྙིང་མ་མང་པོར་གཟབ་མ་མགྱོགས་པར་བྲིས་པའི་རྟགས་མཚན་ཤིན་ཏུ་གསལ་པོ་ཡོད་པ་ནི་བྲིས་ལ་རྒྱུས་མངའ་ཡོད་པ་ཀུན་གྱིས་མཁྱེན་ནུས་པ་ཡིན།གཞན་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་དང་། ཚེ་ཏན་ཞབས་དྲུང་གཉིས་ཀྱིས་དེའི་ཐད་རྣམ་པར་བཀྲ་བའི་རིགས་འདེད་གནང་བ་ཙམ་དུ་མ་ཟད།མཐོང་གྲོལ་ཡིག་དཔེའི་ཐོག་ནས་ར་སྤྲད་དེ་གཟབ་མ་མགྱོགས་བྲིས་ལས་བཤར་མ་བྱུང་ཚུལ་གྱི་སྡོམ་ཚིག་བཞག་པ་ཡིན།གཞན་བོད་དུ་ཡིག་གཟུགས་ཀྱི་རྣམ་གྲངས་མི་འདྲ་བ་བརྒྱ་སྐོར་ཡོད་པ་དེ་དག་ལས་བྲི་སྲོལ་རྙིང་པ་ཀུན་ཐུ་མིས་བཏོད་པར་འདོད་དགོས་ན་དོན་དངོས་ལས་རྣམ་པར་འཁྱམས་སོ།།

༢༡  བོད་ཡིག་བཤར་མའི་གཟུགས་ཀྱི་འབྱུང་ཚུལ་དང་ཐོག་མའི་འཕེལ་ཚུལ་ཇི་ལྟར་ཡིན།

     ལན། བོད་ཡིག་བཤར་མའམ་དབུ་མེད་ནི་གཟབ་མ་བཤར་བཤར་དུ་བྲིས་པ་ལས་ཐོན་པའི་གཟུགས་ཡིན་པས་བཤར་མ་ཞེས་དང་།གཟབ་མ་འམ་དབུ་ཆེན་མགྱོགས་འབྲི་བྱས་པས་དབུ་ཆེན་ཡི་གེའི་མགོ་འཐེན་ཕལ་ཆེར་མེད་པར་གྱུར་སྟབས་དམན་པ་ལ་དགག་སྒྲ་སྦྱར་ནས་དབུ་མེད་ཅེས་ཀྱང་ཐོགས།བཙན་པོའི་རྒྱལ་རབས་ཀྱི་དུས་མཇུག་ཙམ་ལ་སླེབས་སྐབས་ཡིག་འབྲི་དར་ཁྱབ་ཆེ་བས་གཟབ་མ་མགྱོགས་འབྲི་བྱས་པ་དེས་གཟབ་མ་དང་མི་འདྲ་བའི་འབྲི་རྒྱུན་ཞིག་རིམ་གྱིས་ཐོན་ཅིང་།མཐར་ལོ་ཆེན་ལྡན་མ་ཙེ་མང་གི་སྐུ་དུས་སུ་རང་རྐང་ཚུགས་པའི་བྲིས་གཟུགས་གསར་པ་ཞིག་ཆགས་པ་ལ་བཤར་མ་ཞེས་མིང་དུ་ཐོགས།དེའང་ཐིག་ཚད་མཚུངས་ཀྱང་བྲིས་ཀྱི་ཉམས་འགྱུར་ཅུང་མི་འདྲ་བ་གཉིས་སུ་གྱེས་པ་ལི་ལུགས་དང་ལྡན་ལུགས་གཉིས་སོ།།དེ་ལ་རྩ་བའི་གཟུགས་ནི་འབྲུ་ཆེན་ཡིན་ཞིང་། དེ་ཉིད་ཐིག་ཚད་ཆུང་ངུར་བྱས་པ་འབྲུ་ཆུང་།དེའི་ཡིག་འབྲུ་ཁ་ཤས་ཀྱི་འབྲི་ཚུལ་འགྱུར་བས་འབྲུ་ཚ་བྱུང་བ་སྟེ། ཡིག་གཟུགས་དེ་གསུམ་བཤར་མ་ཀུན་གྱི་ཁུངས་གཏུག་ས་ཡིན་ནོ།།

མུ་འགོད།