ཀན་ལྷོ་ཁུལ་ཀླུ་ཆུའི་ཀ་ཤུལ་སྡེ་བ་ནས་ཁུལ་ཡོངས་ཀྱི་
གཞི་རིམ་དུ་བསྐྱོད་པ་བཞིའི་དཔེ་སྟོན་
བྱེད་སྒོ་སྤེལ་བ།
༢༠༡༨ལོའི་ཟླ་༡ཚེས༣༡ཉིན་གྱི་སྐྱ་རེངས་དང་འགྲོག་པའི་ཁུལ་ཡོངས་ཀྱི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་དང་ཁྲིམས་ལུགས་གཞི་རིམ་ལ་བསྐྱོད་པ་བཞིའི་དཔེ་སྟོན་བྱེད་སྒོ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་ཀ་ཤུལ་སྡེ་བའི་རིག་གནས་འདུ་ར་ནས་སྤེལ།
ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཀྲང་གཞོན་པ་ཝང་ཡོན་ཧོང་གིས་གཏམ་བཤད་གནང་བཞིན་པ།
བྱེད་སྒོ་འདི་ནི་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་སྣེ་ཁྲིད་འོག་ཀན་ལྷོ་ཁུལ་དང་ཀླུ་ཆུ་རྫོང་གི་འབྲེལ་ཡོད་ལས་ཁུངས་༢༠ལྷག་གིས་མཉམ་བསྒྲུབ་བྱས་པ་ཞིག་ཡིན་ལ། བྱེད་སྒོའི་ཐོག་ཀླུ་ཆུ་རྫོང་གི་རིག་གནས་འགན་འཛིན་རྫོང་དཔོན་ཟུར་བ་འཕགས་པ་སྐྱབས་ཀྱིས་མདོ་འཛིན་བྱས་ཞིང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཀྲང་ཟུར་བ་ཝང་ཡོན་ཧྭོང་གིས་གཏམ་བཤད་གནང་། གཞན་ད་དུང་ཁུལ་དང་རྫོང་རིམ་པའི་མགོ་ཁྲིད་༡༣ལྷག་ཀྲུའུ་ཞི་སྟེགས་བུའི་སྟེང་ཕེབས་ཡོད།
ཀན་ལྷོ་ཁུལ་མི་རིགས་གླུ་གར་གླིང་གིས་ལྷ་མོའི་རྣམ་ཐར་འཁྲབ་སྟོན་བྱེད་བཞིན་པ།
བྱེད་སྒོའི་ཁྲོད་ཀྱི་ཀན་ལྷོ་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་པར།
ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་དང་ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་རའི་ཟུར་ཅིག
ཐེངས་འདིའི་བྱེད་སྒོའི་ཁྲོད་ཕྱོགས་སོ་སོ་ནས་ཕེབས་པའི་རྒྱ་ཆེའི་མང་ཚོགས་སྟོང་ཕྲག་གཅིག་ལྷག་གོ་རིམ་ལྡན་པ། སྒྲིག་ལམ་ཡོད་པའི་ངང་བྱེད་སྒོར་ཞུགས་པ་མ་ཟད། ཁུལ་མི་རིགས་གླུ་གར་གླིང་གིས་མི་རིགས་ཀྱི་སྲོལ་རྒྱུན་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་ལ། སྡེ་ཁག་སོ་སོས་མང་ཚོགས་དང་ཆེས་འབྲེལ་བ་ཟབ་སའི་ཏང་གི་དམངས་ཕན་སྲིད་ཇུས། དམངས་ཕན་ལས་གཞི། རིག་གནས་ཚན་རྩལ། འཕྲོད་བསྟེན་སྨན་བཅོས་སོགས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་དང་། རྒྱུན་སྤྱོད་འཚོ་བའི་མཁོ་ཆས། རིམས་འགོག་སྨན་སྣ། སློབ་སྦྱོང་གི་མཁོ་ཆས། ཁྲིམས་ལུགས་ཤེས་བྱ་སོགས་རྣམ་གྲངས་40ལྷག་གི་ཐད་ནས་དྲིལ་བསྒྲགས་བྱས་ཤིང་དངོས་ཟོག་རིན་མེད་འགྲེམ་སྦྱིན་བྱས།
ཁྱད་པར་དུ་མང་ཚོགས་ལ་ཆེས་སྤྲོ་སྣང་ལྡན་ས་དང་འདུན་པ་ཆེ་ས་ནི་བོད་ཀྱི་ཡིག་གཟུགས་རིག་གནས་ལས་མ་འདས་ཤིང་། དགུན་གྱི་གྲང་ངར་གྱིས་མ་ཁོག་པར་ཡིག་གཟུགས་སྒྱུ་རྩལ་གྱི་ཆེད་དུ་བྱ་འགུལ་ལ་ཕེབས་པའི་ཁུལ་རིག་གནས་མཉམ་འབྲེལ་ལྷན་ཚོགས་དང་ཀན་ལྷོ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས། ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱི་བྲིས་པ་༡༦ལྷག་གིས་སྔ་མོ་ནས་གྲ་སྒྲིག་བྱས་པའི་ལོ་སར་ཤིས་ཚིག་སོགས་ཀྱི་བརྩམས་ཆོས༢༠༠ལྷག་དང་། ཡུལ་དངོས་ནས་འབྲི་གནང་མཛད་པའི་བརྩམས་ཆོས་༦༠ལྷག་མང་ཚོགས་ཀྱི་རིག་གནས་འཚོ་བའི་འཚོ་བཅུད་མངར་མོའི་གསོས་སུ་སྦྱིན།
དགུན་ཟླའི་གྲང་ངར་རུས་གཏིང་ཟུག་ནའང་།།
ཕྱོགས་ཀྱི་མགྲོན་པོ་རྣམས་ནི་ངང་གིས་བྱོན།།
བོད་ཀྱི་ཡིག་གཟུགས་མེ་ལྕེ་འཕྱོ་བ་ཡིས།།
མི་སེམས་གཏིང་རོལ་དྲོད་ཀྱིས་ཚ་ལམ་ལམ།།
བཀྲ་ཤིས་སྨོན་འདུན་ཡི་གེའི་རིས་སུ་གསལ།།
ལོ་སར་ཤིས་ཚིག་འབྲོག་པའི་གདོང་ན་འཛུམ།།
ངོ་མཚར་སྨད་བྱུང་སྣང་བརྙན་འདི་འདྲ་བས།།
མི་མཐུན་གཡུལ་ལས་རྒྱལ་པའི་ལོ་སར་བསུ།།
|