༄༅།།ཙོང་ཁ་ས་ཁུལ་ནས་བོད་ཀྱི་ཡིག་གཟུགས་དང་སྐད་ཡིག་
སློབ་ཁྲིད་ཀྱི་གསབ་སྦྱོང་འཛིན་གྲྭ་
བསྡུས་པ།
སྤྱི་ལོ་༢༠༡༨ལོའི་ཟླ་༡ཚེས༡༢ནས་ཚེས༢༧བར་གྱི་ཉིན་གྲངས་བཅོ་ལྔའི་རིང་། ཤར་ཙོང་ཁའི་ས་ཆར་ཡིག་མཁན་རིག་སྨོན་བསམ་གཏན་དང་དགེ་འདུན་ཕུན་ཚོགས་གཉིས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་དང་ཡིག་གེ་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་དུ། བོད་ཀྱི་སྐད་ཡིག་དང་ཡིག་གཟུགས་བཅས་ལ་གསབ་སྦྱོང་འཛིན་གྲྭ་བསྡུས་ནས་བོད་རྒྱ་མི་རིགས་ཀྱི་སྤུན་ཟླ་མི་ཉུང་བ་ཞིག་ལ་བསླབ་སྦྱང་གི་ཕན་འབྲས་ཡག་པོ་བྱུང་སོང་།
གསབ་སྦྱོང་འཛིན་གྲྭའི་ཡུལ་དངོས།
ཐེངས་འདིའི་གསབ་སྦྱོང་འཛིན་གྲྭར་རྒྱ་བོད་གཉིས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་ཚོང་གཉེར་བ། ཡུལ་སྐོར་སྣེ་ཤན་པ་བཅས་མི་གྲངས་སུམ་ཅུ་ལྷག་ལ་ཚོད་འཛིན་བྱས་ཡོད། ཉིན་བཅོ་ལྔའི་སློབ་ཁྲིད་དུས་ཡུན་ནང་དགེ་སློབ་གཉི་ཀའི་ཆ་ནས་ནང་སྔ་ལངས་དང་དགོང་འཕྱི་ཉལ་གྱི་སྤྱོད་ལམ་རྒྱུན་འཁྱོངས་བྱས་སྟབས་ཕྱོགས་གཉིས་ཀྱི་ལས་ཀ་དང་སློབ་སྦྱོང་གི་དུས་ཚོད་གོ་རིམ་ལྡན་ལ་ཚགས་དམ་པ་མ་ཟད། བསླབ་སྦྱང་གི་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཞིག་ཐོབ་ཡོད།
གསབ་སྦྱོང་འཛིན་གྲྭའི་ཆེས་ཆུང་པའི་སློབ་མ་དང་མཉམ་དུ།
གསབ་སྦྱོང་འཛིན་གྲྭའི་འགྲོ་གྲོན་གྱི་ཆ་ནས་ཁང་གླ་དང་སློབ་མའི་སློབ་སྦྱོང་གི་མཁོ་ཆས། མཇུག་སྡུད་སྐབས་ཀྱི་བྱ་དགའི་བདག་རྐྱེན་ཀ་ཅ་སོགས་ཐེངས་འདིའི་གཙོ་སྒྲུབ་དགེ་རྒན་དགེ་འདུན་ཕུན་ཚོགས་ལགས་ཀྱིས་སྒེར་ངོས་ནས་བཏང་དེ་གངས་ཅན་འགྲོ་བའི་ཕན་བདེ་དང་དར་རྒྱས་ལ་སྲི་ཞུ་ཞིག་གི་ཚུལ་དུ་ཕུལ་ཡོད་པ་རེད།
གསབ་སྦྱོང་འཛིན་གྲྭའི་ཡོན་བདག་གམ་དགེ་རྒན་དགེ་འདུན་ཕུན་ཚོགས་ལགས་དང་སློབ་མའི་མཉམ་པར།
ཚེས་༢༧ཉིན་གསབ་སྦྱོང་འཛིན་གྲྭའི་མཇུག་སྡུད་ལ་སློབ་མའི་ཡིག་གཟུགས་བརྩམས་ཆོས་འགྲན་བསྡུར་དང་སྐད་ཡིག་སྦྱངས་འབྲས་ཨང་རིམ་གསལ་བསྒྲགས་བྱས་པ་མ་ཟད། ཕུལ་བྱུང་སློབ་མ་སྐོར་ཞིག་ལ་སྦྱང་འབྲས་བྱ་དགའ་གནང་བ་རེད།
རང་རང་གི་སྦྱང་འབྲས་དང་མཉམ་དུ།
བསླབ་འབྲས་གཡུར་དུ་ཟ་པའི་གསབ་སྦྱོང་ཡུལ་དངོས་གནས་ཚུལ།
གསབ་སྦྱོང་མཇུག་སྡུད་ཀྱི་བཟང་འབྲས་བྱ་དགའི་བདག་རྐྱེན།
ཉིན་བཅོ་ལྔའི་དུས་ཚོད་ནི་སྐད་ཅིག་ཙམ་ལ་མཇུག་རྫོགས་ནའང་ སློབ་མ་རྣམས་ཀྱི་བརྩོན་སེམས་དང་རང་རྟོག་གི་རྣམ་འགྱུར། སློབ་གཉེར་གྱི་སེམས་ཤུགས། སེམས་ནང་གི་དགའ་མོས་སོགས་ལས་བོད་ཀྱི་སྐད་ཡིག་རིག་གནས་སློབ་སྦྱོང་ལ་རྒྱུན་རིང་པའི་བརྩོན་སེམས་ཡུལ་མི་གང་མང་ཞིག་གི་སེམས་གཏིང་ན་བཅངས་ཡོད་པ་མཐོང་ཐུབ་པའོ།།
|