རྨ་ལྷོ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱིས་༢༠༡༨ལོའི་ལོ་སར་གྱི་ཤིས་ཚིག་ཞིང་གྲོང་དུ་བསྐྱལ་བའི་བྱ་འགུལ་སྤེལ་བ།
༢༠༡༨ལོའི་རྒྱལ་ཡོངས་རིག་གནས་ཚན་རྩལ་འཕྲོད་བསྟེན་གསུམ་གཞི་རིམ་དུ་བསྐྱལ་བའི་གཅིག་བསྡུས་དཔེ་སྟོན་དང་ཞིང་ཆེན་ཡོངས་ཀྱི་༼ང་ཚོའི་ཀྲུང་གོའི་འདུན་མ༽ལས་རིག་གནས་ཁྱིམ་ཚང་མང་པོར་བསྐྱོད་པའི་བྱ་འགུལ་མགོ་རྩོམ་མཛད་སྒོ་དེ་སྤྱི་ལོ༢༠༡༨ལོའི་ཟླ་༡ཚེས༢༣ཉིན་གྱི་སྔ་དྲོར་རེབ་གོང་རིག་གནས་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས།
ཐེངས་འདིའི་མཛད་སྒོའི་སྟེང་ཡུལ་ལུང་སོ་སོ་ནས་ཕེབས་པའི་སྐུ་མགྲོན་དང་མང་ཚོགས་མང་པོ་འདུས་ཡོད་པས། རྨ་ལྷོ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱིས་གོ་སྐབས་བཟང་བོ་དམ་འཛིན་སྒོས། ཞིང་ཆེན་ཕྱི་ནང་གི་ཡིག་གཟུགས་ཆེད་མཁས་པ་དག་དང་ལྷན་དུ། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་ལོ་སར་སྒོ་བྱང་དང་ཤིས་ཚིག་སྣ་ཚོགས་འབྲི་བའི་བྱ་འགུལ་སྤེལ་བ་རེད།
ཐེངས་འདིའི་བྱ་འགུལ་དུ་རྨ་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་གཅོད་པ་ཚེ་རིང་དང་། རྡོ་རྗེ་བཀྲ་ཤིས། དགེ་འདུན་བསྟན་པ། འབྲུག་མགོ་མ་སོགས་ཀྱང་ཞུགས་ཡོད་པ་དང་། ཁོང་རྣམ་པས་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཆེད་སྐུ་ཚེགས་དཀའ་ངལ་ལ་མ་འཛེམ་པར་ཡུལ་དངོས་སུ་ཕེབས་པའི་མང་ཚོགས་ཀྱི་འདོད་བློ་དང་རེ་བ་ལྟར་ལོ་སར་སྒོ་བྱང་༡༥༠ལྷག་དང་རྟེན་འབྲེལ་ཤིས་ཚིག༡༠༠ལ་ཉེ་བ་བྲིས་ཏེ་རིན་མེད་གཟིགས་འབུལ་ཞུས་པས་གོང་རིམ་འགོ་ཁྲིད་དང་ས་གནས་མང་ཚོགས་རྣམས་ཀྱིས་དགའ་བསུ་མི་དམན་པ་ཐོབ་པ་མ་ཟད། བོད་རིགས་མི་དམངས་གང་མང་ཞིག་ལ་བོད་རང་གི་ཡིག་གཟུགས་རིག་གནས་འདིར་ལོ་རྒྱུས་རྒྱུན་རིང་ལ། བྲིས་ཀྱི་རྣམ་གྲངས་དང་ཁྱད་ཆོས་འདྲ་མིན་སྣ་ཚོགས་སུ་ཡོད་པའི་ཤེས་རྟོགས་ཇེ་ཟབ་ཏུ་བཏང་ཏེ་བོད་ཀྱི་རིག་གནས་སྒྱུ་རྩལ་ལ་སྔར་ལས་ལྷག་པའི་དགའ་ཞེན་བྱེད་པ་དང་རྩིས་མཐོང་བྱེད་པའི་ངེས་ཤེས་དང་བག་ཆགས་ཟབ་མོ་བཞད་ཡོད།
|