སྡེར་ནང་ས་བྲིས་ངོ་སྤྲོད་མདོར་སྡུས།
འདི་ནི་གནའ་བོའི་བོད་ཀྱི་དབུ་མེད་ཡིག་གཟུགས་ཀྱི་བྱེ་བྲག་ཅིག་སྟེ། དེ་ཡི་མིང་ལ་སྡེར་ནང་ས་བྲིས་སུ་ཞུ་དོན་ནི། སྔོན་བྱུང་གི་ངག་རྒྱུན་ལ་སློབ་དཔོན་བཻ་རོ་ཙ་ན་ཁམས་ཕྱོགས་བརྒྱུད་རྒྱལ་མོ་ཚ་བ་རོང་དུ་བྱོན་ལམ་ནས་སྨྱུག་གུ་གསུམ་བར་སྣང་ལ་སྨོན་ལམ་གྱིས་གཏད་རྒྱ་མཛད་པ་ཕྱིས་སུ་ཁམས་ཀྱི་ས་ངན་བསྟན་འཛིན་ལ་གཏད་རྒྱའི་ཐུགས་སྨོན་སད་ནས་བྲིས་རྒྱུན་སྤེལ་བ་ལ་ས་བྲིས་ཞེས་ཞུ་བཞིན་ཡོད་སྐད། བྲིས་གཟུགས་གང་དེ་རིམ་གྱིས་ཁམས་ནས་མགོ་ལོག་སྡེར་ནང་དུ་བྲིས་རྒྱུན་ཆད་པས་ན་མིང་ལ་དེ་ལྟར་ཆགས། དེའི་ཕྱིར་ན་ད་ལྟའི་ཆར་ཡོངས་ཀྱིས་བྲིས་གཟུགས་དེ་ལ་སྡེར་ནང་ས་བྲིས་ཞེས་འབོད་ཅིང་མཆིས་སོ།།
ཡིག་གཟུགས་འདི་ལ་ཡིག་ཆེན་ཡིག་འབྲིང་ཡིག་ཆུང་གསུམ་དང་འབྲུ་ཚ་བཅས་སྣ་ཁ་བཞི་རུ་དབྱེར་ཡོད་ལ། སྡེར་ནང་ས་གནས་རང་ནས་སྔ་ཕྱིར་བྲིས་རབས་གང་མང་ཞིག་རྒྱུན་མ་ཆད་པར་བྱོན་པའི་བཀའ་དྲིན་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་མན་ངག་གི་ཉིང་ཁུས་ལེགས་པར་བརྒྱན་པའི་ཡིག་གཟུགས་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད། གཞན་ཡང་སྡེར་ནང་ས་བྲིས་འབྲི་བཞེངས་བྱེད་པའི་ཆ་རྐྱེན་ཏེ་སྣག་ཤོག་སྨྱུག་གསུམ་གང་ཡིན་ན་བཟོ་སྟངས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངའ་བས་རིག་གནས་ཀྱི་མ་ལག་ཆ་ཚང་ཞིང་སྤུས་དག་པ་མིག་ལ་མཛེས་པ་ཤ་སྟག་སྟེ། གོང་སྨྲས་ཐུན་མིན་གྱི་ཆ་རྐྱེན་དེ་དག་འཛོམས་པའི་ཐོག་ནས་བསླབ་ན་སློབ་མར་ལོབ་སླ་བ་དང་ཆུ་ཆར་གྱིས་འཇིག་དཀའ་བ། བལྟས་ན་དཀར་ནག་གི་ཆ་ཚད་སྙོམ་པ། མཇལ་ཚེ་ཡིད་དབང་ཅིག་ཅར་འཕྲོག་ཐུབ་པ་བཅས་འབུར་ཐོན་གྱི་ཁྱད་ཆོས་སྒོ་ཀུན་ནས་ཚང་བས་བྲིས་གཟུགས་འདི་ཡི་བྲིས་དཔེ་གང་ལ་མཇལ་བ་ཙམ་གྱིས་དག་གཙང་མཛེས་གསུམ་གྱི་ཁྱད་ཆོས་ཡོངས་སུ་རྫོགས་འདུག་ཅེས་བོད་ཁུལ་གྱི་གནའ་དེང་གི་མཁས་དབང་དང་ཡིག་མཁན་དུ་མས་བསྔགས་བརྗོད་ཀྱི་མེ་ཏོག་གི་ཕྲེང་བ་རབ་དང་རིམ་པར་ཕུལ་མྱོང་།
རང་རེའི་ཡུལ་དུ་སྔ་མོ་ནས་བྲིས་གཟུགས་རིག་གནས་འདི་ཡི་རྩ་བ་བརྟན་ཅིང་རྩེ་མོ་རྒྱས་ཏེ་བྲིས་རབས་དུ་མའི་རིང་དཀའ་བ་བརྒྱ་ཕྲག་གིས་འབྲི་བཞེངས་གནང་བའི་གླེགས་བམ་གསར་རྙིང་དག་ལས་རེ་ཟུང་ལས་བསོད་ཀྱིས་མ་ཐེག་པར་འབྱུང་བཞིའི་དབྱིངས་སུ་ཐིམ་ཟིན་པ་ཕུད་རྗེས། ད་ཡོད་ལ་ཕལ་ཆེར་པོ་ཏི་བརྒྱ་ཕྲག་གཅིག་ལ་ཉེ་བ་ཙམ་དད་པའི་རྟེན་སྐལ་དུ་བཞུགས་ཤིང་དེ་ལས་བྲིས་རབས་ཕལ་མོ་ཆེ་ཡི་ཤུལ་མཚོན་བརྩམས་ཆོས་རེ་ད་ལྟ་སྡེར་ནང་དགོན་པའི་རྟེན་རྫས་བཤམ་སྟོན་ཁང་དུ་དངོས་སུ་མཇལ་རྒྱུ་འདུག་པ་ལྟ་བུའོ།། ཉེ་བའི་ལོ་འདི་དག་གི་རིང་ས་གནས་རང་ནས་ཆེད་གཉེར་གྱིས་དགེ་སློབ་བརྒྱ་ཕྲག་ལ་ཉེ་བ་ཙམ་གྱིས་བར་མ་ཆད་པར་མ་བསྐུལ་དང་བླངས་ཀྱིས་དཀའ་བ་ཁྱད་དུ་བསད་དེ་ཡིག་གཟུགས་འདི་ལ་སློབ་པར་འདོད་པའི་དགའ་དད་སྤྲོ་གསུམ་གྱིས་སེམས་ཁམས་ཆེས་ཆེར་གཡོས་པའི་སློབ་བུ་དག་གི་བསླབས་འབྲས་ཀྱང་ལོ་རེ་བཞིན་ཡར་ངོས་ཟླ་ལྟར་གནད་སྨིན་མཐར་ཕྱིན་ཡག་པོ་བགྱིས་དང་བགྱིད་བཞིན་མཆིས་པས་གྲུབ་འབྲས་མི་དམན་པ་བླངས་ཡོད་ཁར། སྔ་གཞུག་ཀུན་ཏུ་ཡང་རྩ་འཛུགས་གནད་ཡོད་མི་སྣ་དང་དགེ་སློབ་ཡོངས་ཀྱིས་གཙོས་པའི་ས་གནས་མི་དམངས་ཡོད་ཚད་ཀྱིས་རིན་ཐང་བདོག་པའི་འོད་སྟོང་ལྡན་པའི་རིག་གནས་འདི་ཡི་ཕྱི་ནང་གསང་གསུམ་གྱི་ཕྱག་ལས་ལ་སྒོ་ཀུན་ནས་ཕྱ་ར་གྲུ་འདེགས་ཀྱི་ཚུལ་གྱིས་སྐྱོང་བཞིན་ཡོད་དོ། །
|