༄།།གངས་ཅན་ཡི་གེའི་གཟུགས་རིས་ཀྱི་རིག་གཞུང་དང་ལག་ལེན་གི་སྙིང་པོ་དྲི་བ་དྲིས་ལན་གྱི་ཚུལ་དུ་བྱས་པ་པིར་འཛིན་མདོངས་མཐའ་མགུ་བའི་དབྱར་རྔ་ཞེས་བྱ་བ་བཞུགས་སོ། །
༡༥ སློབ་དཔོན་ཐུ་མིའི་ཕྱག་བྲིས་ཀྱི་ཉམས་འགྱུར་དེ་ཅི་འདྲ་ཞིག་ཡིན།
ལན། བཤད་ཟིན་ལྟར་ཐུ་མིས་ཆོས་རྒྱལ་སྲོང་བཙན་ལ་དབྱངས་ངེས་ཀྱི་བྱ་དཀའི་ལམ་ནས་དྲངས་པའི་ཡིག་ཕུད་ཕུལ་བས། འཇོག་གྲུ་བཞི་སེང་གེ་དཀར་མོ་དགུང་ལ་འཕྱོ་འདྲ་ཞིག་བྱུང་བས་རྒྱལ་པོ་ཤིན་ཏུ་དགྱེས། རྗེ་ས་གསུམ་རྒྱལ་པོའི་ཐུགས་དམ་བཞེངས་པ་ལ་འདི་བཟང་། གསུངས་ནས་ཐུ་མིར་གཞིས་ཀ་ཆེན་པོ་བཞི་དང་། གསེར་གཡུའི་ཐིག་ཤིང་དང་། འོག་ཏུ་ཟ་འོག་གི་འབོལ། སྟེང་དུ་བླ་རེ། ཡི་གེའི་བཞུགས་ས་སྟག་ལྤགས། ཡིད་འཛིན་པའི་གླུ་རོལ་མོ་སོགས་པའི་རྩིས་གནང་ནས་བཀུར་བཟོས་བསམ་གྱིས་མི་ཁྱབ་པ་མཛད་དོ། །ཐུ་མིའི་ཕྱག་བྲིས་ལ་སྦལ་ནག་བགྲད་འདྲ་ཞེས་མཁས་པ་རེ་ཟུང་བཞེད་ཀྱང་། མི་འཐད་པའི་རྒྱུ་མཚན་འོག་ནས་འབྱུང་། འདིར་རེ་ཞིག་འཇམ་མགོན་གཡུ་ཁྲིའི་གསུང་དང་། རང་གི་ཁྲིད་རྒྱུན་གཞིར་བཅས་ཏེ་བཀོད་པ་ལགས།
༡༦ བཙན་པོའི་དུས་རབས་ཀྱི་སྐབས་དར་བའི་དབུ་ཆེན་སྣ་མར་གྲགས་པ་དེར་འགྱུར་བ་གང་འདྲ་བྱུང་ཡོད།
ལན། ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་ནས་བཟུང་སློབ་དཔོན་ཐུ་མིའི་སེང་གེ་གནམ་དུ་འཕྱོ་འདྲའི་བྲི་རྒྱུན་ལེགས་པར་བསྐྱངས། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ཡིག་མཁན་མང་བན་ཆོས་ཀྱི་རྡོ་རྗེ་བྱ་བ་བྱུང་ནས་རྗེ་ལ་ཡིག་ཕུད་ཕུལ་བས། བྱ་ཕོ་འཇོལ་འདྲའི་བྲིས་ངན་ཞིག་བྱུང་བས་བྲི་རྒྱུན་བསྣུབས། དེ་དང་དུས་མཉམ་པར་ཡིག་མཁན་དྷརྨ་ཙནྡྲ་ཞེས་པ་བྱུང་ནས་ཡི་གེའི་སྟོང་ཕུལ་བས། སྦལ་ནག་ན་ལ་བརྒྱངས་འདྲ་ཞིག་བྱུང་བས་སྨྱུ་གུ་བཅད་ཁམ་ཡི་གེ་དང་བཅས་པ་རྒྱལ་པོ་བཞུགས་ཡུལ་དེ་རང་དུ་སྦས་ནས་བསྣུབས། དེ་རྗེས་ལོ་ཆེན་བཻ་རོ་ཙ་ན་བྱོན། ཁོང་གིས་སྔོན་གྱི་དབུ་ཆེན་སྣ་མའི་བྲི་རྒྱུན་ལེགས་པར་བསྐྱངས། དེ་ནས་ལོ་ཆེན་ལྡན་མ་ཙེ་མང་བྱོན། དེའི་སྐབས་དབུ་ཆེན་མགྱོགས་པར་བྲིས་པས་རང་བཞིན་དུ་དབུ་ཆེན་གྱི་མགོ་འཐེན་བསྡུས་པའི་བྲིས་གཟུགས་གསར་པ་དབུ་མེད་དམ་ཤར་མའམ་ཤུར་མར་གྲགས་པ་བྱུང་། དེ་ལ་རྩ་བའི་ཐིག་མཚུངས་ཀྱང་། ཡི་གེའི་ཉམས་སྟོན་ཚུལ་མི་འདྲ་བའི་ལི་ལུགས་དང་ལྡན་ལུགས་གཉིས་སུ་གྱེས། དེ་རྗེས་མུ་ནེ་བཙན་པོའི་རིང་ཡིག་མཁན་ཚེ་སྤོང་བྱང་ཆུབ་ཀྱིས་རྒྱལ་པོ་ལ་ཡིག་ཕུད་ཕུལ་བས་སྦུར་ནག་བགྲད་འདྲ་ཞིག་བྱུང་ནས་བསྣུབས། དེ་རྗེས་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ནམ། སད་ན་ལེགས་ཀྱི་སྐུ་དུས་སུ་ཡིག་མཁན་འབྲེ་བ་ཡོན་ཏན་གྱིས་རྗེ་ལ་ཡིག་ཕུད་ཕུལ་བས། ཐིག་རྩ་དབུ་ཆེན་སྣ་མ་ཡིན་པ་གང་ཞིག ཉ་ལྟོ་དཀར་ཆུ་ནས་ཕྱུངས་འདྲའི་ཉམས་དང་ལྡན་པ་བྱུང་བས་རྒྱལ་པོས་དབུ་སྟོན་གཞུང་སྟོན་མཐའ་སྟོན་སོགས་ཀྱི་སྟོན་མོ་བཤམས་པ་སོགས་བཀུར་བཟོས་བསམ་གྱིས་མི་ཁྱབ་པ་མཛད་དེ་བྲི་རྒྱུན་སྤེལ། དེ་རྗེས་མངའ་བདག་རལ་པ་ཅན་གྱི་སྐུ་དུས་སུ་ཡིག་མཁན་གྲ་ཤོད་རྣམ་གཉིས་བྱོན་བས་རྗེ་ལ་ཡི་གེའི་སྟོང་ཕུལ་བས། ཐུ་མིའི་བྲིས་ལྟར་སེང་གེ་གནམ་དུ་འཕྱོ་འདྲ་ཞིག་བྱུང་བས་རལ་པ་ཅན་གྱིས་ཀྱང་ཡིག་མཁན་དེ་གཉིས་ལ་བཀུར་བཟོས་བསམ་གྱིས་མི་ཁྱབ་པ་མཛད་དོ། །དེ་འདྲ་ཡིན་སྟབས། ཐུ་མིའི་ཕྱག་བྲིས་ལ་སྦལ་ནག་བགྲད་འདྲ་ཞེས་པའི་ཤོད་རྒྱུན་དེ་ཡང་དག་མིན་པ་རྗེས་སུ་དཔག་པའི་ཚད་མས་རྟོགས་པར་སླ་བ་ཡིན་ནོ། །གྲ་ཤོད་རྣམ་གཉིས་ཞེས་པའི་ངོས་འཛིན་ཐད་དཔེ་རྙིང་པ་རྣམས་སུ་ཡིག་མཁན་གྲ་ཤོད་རྣམ་གཉིས་ཞེས་པ་ཙམ་ལས་མ་གསལ་ཡང་། མཁས་དབང་དུང་དཀར་ཚང་གིས། གྲ་སྐ་བ་དཔལ་བརྩེགས་དང་། ཤོད་བུ་ཅོག་རོ་ཀླུའི་རྒྱལ་མཚན་ཞེས་ཞལ་གསལ་བར་གསུངས་སོ། །
༡༧ ཡིག་མཁན་གྲ་ཤོད་རྣམ་གཉིས་ཞེས་པར་ངོས་འཛིན་ཇི་ལྟར་བྱེད་དགོས་སམ།
ལན། དཔེ་རྙིང་པ་ཕལ་མོ་ཆེར་ཡིག་མཁན་གྲ་ཤོད་རྣམ་གཉིས་ཞེས་པ་ཙམ་ལས་མ་གསལ་ཡང་། མཁས་དབང་དུང་དཀར་ཚང་གིས། གྲ་ཤོད་རྣམ་གཉིས་ནི་གྲ་སྐ་བ་དཔལ་བརྩེགས་དང་། ཤོད་བུ་ཅོག་རོ་ཀླུའི་རྒྱལ་མཚན་ཞེས་ཞལ་གསལ་བར་གསུངས་པས། ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ལ་ངོས་འཛིན་དགོས་པར་སྣང་།
༡༨ སློབ་དཔོན་ཐུ་མིའི་རྗེས་ཀྱི་བསྟན་པ་སྔ་དར་རིང་དབུ་ཆེན་སྣ་མའི་འབྲི་ཚུལ་ལ་འཕེལ་འགྲིབ་ཅི་འདྲ་བྱུང་ངམ།
ལན། སློབ་དཔོན་ཐུ་མི་ནས་བཟུང་སྟེ་དབུ་ཆེན་སྣ་མའི་བྲིས་ཀྱི་ཕྱག་ལེན་ནར་མར་བསྐྱངས། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་ཡི་གེའི་མཁན་པོ་མང་བན་ཆོས་ཀྱི་རྡོ་རྗེ་ཞེས་པ་བྱུང་ནས་རྗེ་ལ་ཡི་གེའི་སྟོང་ཕུལ་བས། བྱ་ཕོ་འཇོལ་འདྲ་ཞིག་བྱུང་བས་ཡིག་དཔེ་དང་སྣག་བུམ་འཇོན་དམར་སོགས་ཡིག་ཆས་རྣམས་གཙང་གི་བུམ་ཞོའི་བྲག་ལ་སྦས་ནས་བྲི་རྒྱུན་བསྣུབས། ཕྱིས་ལུག་རྫི་ཞིག་གིས་རྙེད་ནས་གཙང་གི་ཡུལ་འགར་དར་བ་དེར་གཙང་ཡིག་བྱ་ཕོ་འཇོལ་འདྲ་ཞེས་སྨད་པར་གྲགས། དེ་དང་དུས་མཉམ་པར་ཡིག་མཁན་དྷརྨ་ཙནྡྲ་བྱ་བ་བྱུང་ནས་རྗེ་ལ་ཡི་གེའི་སྟོང་ཕུལ་བས། སྦལ་ནག་ན་ལ་བརྒྱངས་འདྲ་ཞིག་བྱུང་བས་རྗེས་བརྩི་མཐོང་མ་གནང་བར་སྨྱུ་གུ་བཅད་ཁམ་ཡིག་དཔེ་དང་བཅས་པ་རྒྱལ་པོ་བཞུགས་པའི་ས་དེ་རང་དུ་སྦས་ནས་བྲི་རྒྱུན་བསྣུབས། ཕྱིས་སྤྲང་པོ་ཞིག་གིས་རྙེད་ནས་ཁམས་ཀྱི་ཡུལ་ཁ་ཤས་ལ་དར་བ་དེར་ཁམས་ཡིག་བཅད་ཁམ་ཅན་ཞེས་ཀུན་གྱིས་སྨད། དེ་རྗེས་ཡོངས་གྲགས་ལྟར། མང་སྲོང་གི་སྐུ་དུས་སུ་ཡིག་མཁན་ཆབ་དཀར་བེའུ་ཚེ་བྱུང་ནས་བྲིས་པའི་ཉམས་བྱ་ཕོ་འཇོལ་འདྲ་བྱུང་། དེ་རྗེས་མུ་ནེ་བཙན་པོའི་སྐུ་དུས་སུ་ཡིག་མཁན་ཚེ་སྤོང་བྱང་ཆུབ་བྱུང་ནས་རྗེ་ལ་སྟོང་ཕུལ་བས་སྦུར་ནག་བགྲད་འདྲ་ཞིག་བྱུང་བས་བྲི་རྒྱུན་བསྣུབས། དེ་རྗེས་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་ཡིག་མཁན་འབྲེ་བ་ཡོན་ཏན་བྱུང་ནས་རྗེ་ལ་ཡི་གེའི་སྟོང་ཕུལ་བས། སེང་གེ་གནམ་མཆོང་གི་ཐིག་ཚད་ཚང་བ་གང་ཞིག གཙང་ཞིང་བདེ་བའི་བྲིས་ཉམས་ཐོན་པས་ཀུན་གྱིས་ཉ་ལྟོ་དཀར་ཆུ་ནས་ཕྱུངས་འདྲ་ཞེས་བསྔགས། རྗེ་མགུ་ནས་རྩིས་གནང་བ་ནི། དབུ་སྟོན་དང་། གཞུང་སྟོན། མཐའ་སྟོན། ཟ་སྲུང་། ཟླ་སྟོན། སྐྲ་འཁྲུད་ཆུ་སྟོན། ཟ་འདེགས་སོགས་ཡིག་མཁན་ལ་བཀུར་བཟོས་དཔེ་མེད་པ་མཛད། དེ་རྗེས་མངའ་བདག་རལ་པ་ཅན་གྱི་སྐུ་དུས་སུ་ཡིག་མཁན་གྲ་ཤོད་གཉིས་ཀྱིས་རྗེ་ལ་ཡི་གེའི་སྟོང་ཕུལ་བས། དང་པོའི་སློབ་དཔོན་གྱི་ཕྱག་བྲིས་ལྟར་སེང་གེ་གནམ་དུ་འཕྱོ་འདྲ་ཞིག་བྱུང་བས་མངའ་བདག་རལ་པ་ཅན་གྱིས་ཀྱང་བཀུར་བཟོས་བསམ་གྱིས་མི་ཁྱབ་པ་མཛད་དོ།། འདིའི་ཐད་བཞེད་སྲོལ་མི་འདྲ་བ་མང་ཡང་འདིར་རེ་ཞིག་འཇམ་དབྱངས་ཁྱུང་པོ་གཡུ་ཁྲིའི་གསུང་ལྟར་བཀོད་དོ། ། མུ་འགོད།
|