སློབ་དཔོན་ཐོན་མི་སམ་བྷོ་ཊའི་རྣམ་ཐར་རགས་བསྡུས།
2017-12-18 23:13来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:རྩོམ་པ་བོ། དབྱངས་གོ་ཆའམ་གཙོས་ཤེས་རབ་རྒྱ་མཚོ།浏览数:1236 
  • སློབ་དཔོན་ཐོན་མི་སམ་བྷོ་ཊའི་རྣམ་ཐར་རགས་བསྡུས།
  • ༄༅།།བོད་ཀྱི་ཆོས་འབྱུང་ཁག་ལས་འབྱུང་བ་ལྟར་མཛངས་མི་བདུན་གྱི་བཞི་བ་ཡི་གེའི་བྱེད་པོ་ཐོན་མི་སམ་བྷོ་ཊའི་ལོ་རྒྱུས་ཅུང་ཟད་ངོ་སྤྲོད་ཞུ་ན།སློབ་དཔོན་འདི་ནི་དུས་རབས་བདུན་པའི་དུས་མགོ་ཙམ་སྟེ་སྤྱི་ལོ་༦༡༩ལོར་༼འཁྲུངས་ལོ་འདི་དེབ་དམར་དང་མཁས་པའི་དགའ་སྟོན།ཀུན་མཁྱེན་བུའི་ཆོས་འབྱུང་།ཀུན་མཁྱེན་འཇམ་དབྱངས་བཞད་པའི་བསྟན་རྩིས།རྒྱལ་རབས་གསལ་མེ་སོགས་ཀྱིས་སྲོང་བཙན་མེ་གླང་ལ་འཁྲུངས་པར་བཞེད་པ་དང་བསྟུན་ནོ།།༽ཐོན་ལུག་ར་ཁ་བ་ནས་བློན་པོ་ཐོན་མི་ཨ་ནུ་ར་ག་ཏའི་སྲས་སུ་འཁྲུངས།ལོ་རྒྱུས་འགའ་ཞིག་ལས་ལྷོ་གཉལ་བ་སྣང་གྲགས་ཀྱི་སྲས་སུ་འཁྲུངས་པར་བཞེད། ཡང་སྨོན་འགྲོ་པཎ་ཆེན་ལྟར་ན་གཡོར་བོ་ཡུལ་དགུའི་ནང་ཚན་ཐུ་ཞེས་པའི་རིགས་ལས་འཁྲུངས་པས་ཐུ་མི་དང་ཐོན་མི་ཞེས་མཚན་འདོགས་སྟངས་སྔ་ཕྱིར་གཉིས་མཆིས་པ་ལས་ཕྱི་མ་རྒྱུགས་ཆེའོ།།སམ་བྷོ་ཊའི་སམ་ནི་ཡང་དག་པ་དང་བྷོ་ཊ་ནི་བོད།ཡང་སཾ་བྷ་དྲའམ་ས་མནྟ་བྷ་དྲ་སྟེ་ཀུན་ཏུ་བཟང་བོ་ཞེས་པ་སློབ་དཔོན་གྱི་མཚན་ཡིན་པར་སྒྲ་བ་ནམ་མཁའ་བཟང་བོས་འགྲེལ་བ་བསྟན་པའི་སྒྲོན་མེར་བཞེད་དོ།།
  • སྤྱི་ལོ་༼༦༢༩༽ས་མོ་གླང་གི་ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་དུ་ཕེབས་པའི་ཚེ།རྒྱལ་སྲིད་སྐྱོང་བའི་སྲིད་ཀྱི་འཁོར་ལོ་འཛིན་པའི་དགའ་སྟོན་གྱི་མཛད་སྒོར་མཐའ་བཞིའི་རྒྱལ་པོས་དཔྱ་དང་སྐྱེས་འབུལ་བ་ལ།སྐྱེས་སུ་འདི་ལྟར་བྱུང་ཞེས་ཡིག་ལན་གཏོང་བ་ལ་བོད་རང་ལ་ཡི་གེ་མེད་པས་ལན་རྣམས་རྒྱལ་ཁམས་དེ་དག་གི་ཡི་གེ་རང་དུ་བྲི་དགོས་པ་བྱུང་བར་བརྟེན།རྒྱལ་བོས་བོད་ཀྱི་རྒྱལ་ཁམས་ཆོས་བཞིན་སྐྱོང་བར་ཡི་གེ་ངེས་པར་དུ་དགོས་པར་གཟིགས་ནས་བློན་པོའི་བུ་བློ་རྣོ་བ་བཅུ་དྲུག་ལ་གསེར་གྱི་རྫོངས་པ་དང་བཅས་རྒྱ་གར་ཏུ་བཏང་ན་ཡང་ལ་ལ་ལམ་གྱི་བགྲོད་པས་འཇིགས་ནས་འགྲོར་མ་ནུས།ལ་ལ་ཚད་པས་ཤི། ལ་ལས་སྐད་མ་ཤེས་པར་ཕྱིར་ལོགའདི་ལ་མདོ་མཁར་བ་སོགས་མཁས་པ་འགའི་བཞེད་པ་ལྟར་ན་རེབ་ཐེངས་དང་བོའི་ནང་དུ་བློན་པོ་མགར་སྟོང་བཙན་ཡོད་དོ།།དེ་ནས་རྒྱལ་བོས་བློན་པོ་ཐོན་མི་ཨ་ནུའི་བུ་སམ་བྷོ་ཊ་བྱ་བ་མཁས་མཛངས་བློ་གྲོས་དང་ལྡན་པ་དེ་ལ་བཀའ་མངགས་མཛད་པ་བཞིན་དེས་ཀྱང་བཀའ་སྤྱི་བོར་བླངས་ཏེ་ཡི་གེ་སློབ་པའི་རྟེན་དུ་གསེར་བྱེ་བྲེ་གང་བསྣམས་ནས་སྤྱི་ལོ་༦༣༣ལོར་རྒྱ་གར་དུ་བྱོན་ནོ།།ཐོན་མི་བལ་ཡུལ་བརྒྱུད་རྒྱ་གར་ལྷོ་ཕྱོགས་སུ་ཕེབས། དེར་སྒྲ་དང་ཡིག་རིགས་དུ་མ་ལ་མཁས་པའི་བྲམ་ཟེ་ལི་བྱིན་སློབ་དཔོན་དུ་བསྟེན་ནས་ཡིག་རིགས་དུ་མ་ལ་མཁས་པར་སྦྱངས།དེ་ནས་བྲམ་ཟེའི་བཀའ་བཞིན་པཎ་ཌི་ཏ་ལྷ་རིག་པའི་སེངྒེ་བསྟེན་ནས་སྒྲ་པཱ་ཎི་བ་དང་ཀ་ལཱ་པ།ཙཱནྡྲ་བ། རྒྱལ་པོ་དང་པཎྚིཏའི་ལུགས་ཀྱི་བསྟན་བཅོས་དུ་མ།སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་བཅས་པ་ལ་བསླབ།༼བུ་སྟོན་ཆོས་འབྱུང་དང་དེབ་སྔོན།ངོར་བའི་ཆོས་འབྱུང་རྣམས་སུ་ལྷའི་རིག་པའི་སེངྒེ་གཅིག་བུ་ལས་མཚན་གཞན་མ་བྱུང་བས་ལི་བྱིན་དང་ལྷ་རིག་པའི་སེང་གེ་གཉིས་གཅིག་པར་ཁས་ལེན་མཁན་ཡང་ཡོད་དོ།།༽དེ་ལྟར་ཐོན་མི་རྒྱ་གར་དུ་ལོ་བདུན་གྱི་བར་བཞུགས་ནས་ཕྱིར་བོད་དུ་ལོག་པའི་ཚེ།སྒྲ་རིག་པའི་བསྟན་བཅོས་དག་དང༌།འདུས་པ་རིན་པོ་ཆེའི་ཏོག མདོ་ཟ་མ་ཏོག་བཀོད་པ།སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག དགེ་བ་བཅུའི་མདོ་ལ་སོགས་པ་གདན་དྲངས་པ་དང༌།གཞན་རྒྱ་གར་རྒྱལ་པོས་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོར་སྐྱེས་ལན་དུ་མདོ་སྡེ་དཀོན་མཆོག་སྤྲིན།དམ་ཆོས་པད་དཀར། གཙུག་ཏོར་དྲི་མེད་ཀྱི་གཟུངས།ནོར་བུ་ཀཻ་ཏུ་བཅས་བསྐུར་པ་རྣམས་བསྣམས་ནས་བོད་ཡུལ་དབུས་སུ་བྱོན།དེ་ནས་རྒྱལ་བོས་དགའ་སྟོན་བློར་མི་ཤོང་བ་མཛད་ཅིང་ཆོས་རྒྱལ་རང་ཉིད་ཀྱིས་ཀྱང་ལོ་གསུམ་གྱི་བར་བཅད་མཚམས་ལྟ་བུར་སྐུ་མཁར་ཕ་བོང་ཁའི་མ་རུར་བཞུགས་ནས་ཐོན་མིའི་མདུན་ནས་ཡི་གེར་སྦྱངས་ཤིང༌།བློན་འབངས་དག་ལ་ཡང་སྦྱོང་དུ་བཅུགལོ་སྔ་ཕྱི་འདི་དག་ཏུ་ཐོན་མིས་བོད་ཡིག་གསར་བཟོ་དང་བརྡ་སྤྲོད་པའི་བསྟན་བཅོས་རྣམས་རིམ་གྱིས་བརྩམས་པ་ཡིན་པར་དེང་དུས་ཀྱི་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་བཞེད་དོ།།
  • བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེ་དང་ཁྱད་པར་ཏུ་ཏུན་ཧོང་ཤོག་དྲིལ་ལས།བོད་ལ་སྔ་ན་ཡྀ་གེ་མྱེད་པ་ཡང་།བཙན་པོ་འདིའྀ་ཚེ་བྱུང་ནས།བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེན་ཕོ་དང་། ཞེས་དང་།རྒྱའི་རྒྱལ་རབས་སུ་ཡང་།མི་ཤི་བའི་རོ་ས་ལ་སྦ། ཡི་གེ་ནི་མེད།རྩིས་བྱེད་ཚེ་ཤིང་བུ་ལ་རྟགས་འདེབས་པ་དང་།སྐུད་པ་ལ་མདུད་པ་བོར་ཏེ་བྱེད། ཅེས་དང་། ནེལ་བའི་ཆོས་འབྱུང་དུ།ཀ་ཁ་སུམ་ཅུ་ཀུག་ཀྱེད་བྱས།།འདོགས་དང་སྦྲེལ་གྱིས་ཚིགས་སུ་བཅད།།ཤད་ཀྱིས་བཅད་ནས་ཚིག་ཏུ་སྨྲ།།དེའི་གོང་བོད་ལ་ཡི་གེ་མེད།། ཅེས་དང་།དེབ་དཀར་དུ་སྔོན་ཆད་མེད་པའི་ཡི་གེའི་སྲོལ་ཕྱེས་པ་འདི་སྲོང་བཙན་སྒམ་པོའི་ཕྱག་རྗེས་གསུམ་གྱི་ཡ་གྱལ་དུ་བགྲངས་པ་སོགས་ཚད་ལྡན་གྱི་ཡིག་ཆ་ཆོས་ལུགས་ཕྱོགས་ཞེན་གྱི་དྲི་མས་མ་བསླད་པ་དག་ཁ་འཆམ་པར་སྲོང་བཙན་གོང་དུ་བོད་ལ་ཡི་གེ་མེད་པ་ཐོན་མིས་གསར་བཏོད་མཛད་ཅིང་རྒྱལ་བོ་ལ་ཡང་བསླབ་པས་སློབ་དཔོན་ཞེས་པའི་མཚན་ཐོགས་པར་གསུངས་ལ།དེ་ནས་བོད་ལ་བཀའ་ཁྲིམས་མང་བོ་ཡི་གེར་བཀོད་པ་ཡིན་པའི་གཏམ་འདི་ཁོ་ན་ཤིན་ཏུ་གཙིགས་པར་བཟུང་བར་བྱའོ།།ཆོས་འབྱུང་མཁས་པའི་དགའ་སྟོན་དུ།བོད་ཕྲུག་མཛངས་པའི་མི་བདུན་གྱི།།བཞི་བར་ཐོན་མི་བགྲང་མོད་ཀྱང་།།དེ་ཀུན་མཚུངས་པ་མ་ཡིན་ཏེ།།མཁན་པོ་ལོ་ཙཱའི་ཐོག་མ་འདིའི།།བཀའ་དྲིན་བོད་ཀྱིས་ཇི་ལྟར་འཁོར།།ཞེས་གསུངས་པ་ནི་བདེན་པའི་ངག་གོ།
  • ཐོན་མིས་བོད་ཡིག་ཐོག་དང་པོར་གཏན་འབེབས་གནང་སྐབས་རྒྱ་གར་གྱི་ཡི་གེ་ནང་བོད་སྐད་ལ་ཉེ་བར་མི་མཁོ་བ་མང་དུ་ཡོད་པ་རྣམས་བོར་བ་དང༌།བོད་ཀྱི་རང་སྐད་ལ་མཁོ་ཞིང་རྒྱ་གར་ཡི་གེའི་ནང་མེད་པ་འགའ་ཤས་ཡོད་པ་བསྣན་ནས་བོད་ཡིག་གསལ་བྱེད་སུམ་ཅུ་དང་དབྱངས་ཡིག་བཞིར་གཏན་ལ་ཕབ།དེ་ཡང་རྒྱ་གར་ཡི་གེ་ལྔ་བཅུ་ལས་དབྱངས་ཡིག་ཨཱ་ཨཱི་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨཻ་ཨཽ་ཨཾ་ཨཿརྣམས་དང༌།གསལ་བྱེད་འཐུག་པོ་ལྔ་དང་ལོག་པ་ལྔ།མཐའི་ཀྵ་ཡིག་བཅས་ཉེར་གཉིས་དོར་བས་ཉེར་བརྒྱད་ལྷག་པའི་སྟེང་།གསལ་བྱེད་ཀྱི་སྟོད་དུ་ཅ་ཆ་ཇ་དང་སྨད་དུ་ཞ་ཟ་འ་སྟེ་དྲུག་གསར་ཏུ་བསྣན་པས་བོད་ཡིག་ལ་དབྱངས་དང་གསལ་བྱེད་སོ་བཞི་བྱུང་བ་ཡིན།༼དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་དུ་ཙ་ཚ་ཛ་ཞ་ཟ་འ་གསར་དུ་བསྣན་པ་དང༌།དེ་ཡང་གསར་དུ་བཟོ་སྐབས་ཅ་སོགས་དང་མ་ནོར་བའི་ཆེད་ཙ་རྟགས་སོགས་བྱུང་བ་དང༌།དེ་ཡང་ལེགས་སྦྱར་ལ་ཙ་སོགས་ཡོད་པས་ཕྱི་མོའི་ཡི་གེ་ཡང་ལེགས་སྦྱར་གྱི་ཡི་གེ་མིན་པར་གུབ་ཏའི་ཡི་གེ་ཡིན་པར་གསུངས་འདུག་མོད།འོན་ཀྱང་མཁས་དབང་ཚེ་ཏན་ཞབས་དྲུང་གིས་ལེགས་སྦྱར་གྱི་ཡི་གེ་ལའང་ཙ་རྟགས་སོགས་ཡོད་པས།སློབ་དཔོན་གྱིས་ཙ་རྟགས་སོགས་ཕྱིས་ནས་ཅ་ཆ་སོགས་བཟོས་པར་བཤད་ན་ལེགས་པར་གསུངས་སོ།།༽དེ་ནས་ག་ང་བ་མ་འ་སྟེ་སྔོན་འཇུག་ལྔ།ག་ང་ད་ན་བ་མ་འ་ར་ལ་ས་སྟེ་རྗེས་འཇུག་བཅུ།ད་ས་གཉིས་ཡང་འཇུག ར་ལ་སའི་མགོ་ཅན་གསུམ།ཡ་ར་ལ་ཝའི་འདོགས་བཞི། གཞན་ཡང་ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་སྟེ་མིང་གཞི་རྐྱང་བའི་ཡི་གེ་ཉི་ཤུ།ཀ་ག་ཉ་ཏ་ད་ན་ཞ་ཤ་ཧ་སྟེ་རྐང་བ་ཅན་གྱི་ཡི་གེ་དགུ།ཀ་ག་ང་ཅ་ཇ་ཉ་ཏ་ད་ན་པ་བ་མ་ཙ་ཛ་ལ་ཧ་སྟེ་བུའི་ཡི་གེ་བཅུ་དྲུགཀ་ག་བ་ཟ་ར་ལ་ས་སྟེ་མའི་ཡི་གེ་བདུན། ར་ལ་ས་སྟེ་ཀུན་གྱི་མ་གསུམ།ཀ་ག་བ་ཟ་སྟེ་སྒོས་ཀྱི་མ་བཞི། ཅ་ཧ་སྟེ་ལ་ཡིག་སྒོས་ཀྱི་བུ་གཉིས།ཙ་ཛ་སྟེ་ར་ཡིག་སྒོས་ཀྱི་བུ་གཉིས།ཁ་ཆ་ཐ་ཕ་ཚ་ཝ་ཞ་ཡ་ཤ་ཨ་སྟེ་རང་ས་འཛིན་པའི་ཡི་གེ་བཅུ།ག་བ་སྟེ་ཀུན་ཏུ་རྒྱུ་བའི་ཡི་གེ་གཉིས། ར་མགོ་བཅུ་གཉིས། ལ་མགོ་བཅུ། ས་མགོ་བཅུ་གཅིགཡ་བཏགས་བདུན། ར་བཏགས་བཅུ་གཅིག ལ་བཏགས་དྲུག ཝ་བཏགས་བཅུ་གཉིས། གི་གུ། འགྲེང་བུ།རྣ་རུ་སྟེ་སྟེང་ན་ཞྭ་ལྟར་ལྡིང་བ་གསུམ། ཞབས་ཀྱུ། ཡ་བཏགས།ར་བཏགས་ཏེ་འོག་ན་གདན་ལྟར་མཛེས་པ་གསུམ། དབྱངས་ཡིག་བཞི། དབུ་ཁྱུད། ཤད།བར་ཚེག་བཅས་སྲོག་དང་རྐྱེན་གྱི་ཡི་གེགཞན་རྟགས་འཇུག་གི་སྐབས་ནས་གསུངས་པ་ལྟར་ཕོ་མོ་མ་ནིང་གི་ཡི་གེ་དང་།སུམ་ཅུ་བའི་གཞུང་ནས་འབྱུང་བ་ལྟར་རྐྱང་བརྩེགས་འདོགས་གསུམ།མཐའ་རྟེན་དང་འཕུལ་ཡིག་བཅས་ཀྱི་ཐ་སྙད་དང་རྣམ་བཞག་ཆ་ཚང་བ་གསར་ཏུ་བཟོས་སོ།།
  • ཐོན་མིའི་བརྩམས་ཆོས་ལ་རྒྱ་གར་གྱི་སྒྲ་མདོ་ཆེན་པོ་བརྒྱད་ཡོད་པ་དང་གྲངས་མཚུངས་པར་སྒྲ་རིག་པའི་བསྟན་བཅོས་བརྒྱད་ཡོད་པ་ལས།སུམ་ཅུ་བ་དང་རྟགས་འཇུག་གཉིས་མ་གཏོགས་གཞན་རྣམས་བསྟན་པ་སྔ་དར་དང་ཕྱི་དར་གྱི་མཚམས་སུ་ནུབ་ནས་ད་ལྟ་མེད་པར་གྲགས།འོན་ཏེ་རྒྱལ་རབས་གསལ་བའི་མེ་ལོང་དུ་སུམ་རྟགས་གཉིས་ལས་གཞན་༡ཡི་གེའི་རྣམ་འགྱུར་གྱི་བཟོ།༢ཀ་མད་སུམ་ཅུ་བསྒྱུར་བ། ༣སྡེབ་སྦྱོར་སྒྲིག་པའི་གཞི་མ།༤ཐོན་མིའི་མདོ་རྫིའི་སྒྲ་མདོ་བྱ་བའི་བསྟན་བཅོས་བཞིའི་མཚན་ཐོན་པ་དང་། ༥སུམ་༦རྟགས་གཉིས་ནི་བུ་སྟོན་ཆོས་འབྱུང་དང་མུ་ཏིག་ཕྲེང་མཛེས།ཀུན་བཟང་དགོངས་རྒྱན་སོགས་གཞུང་མང་བོར་གསུངས་ལ། ལོ་ཙཱ་བ་ཆོས་སྐྱོང་བཟང་བོས།དེའི་སྟེང་དུ་༧སྔགས་བཀླག་ཐབས་མུན་པའི་སྒྲོན་མེ་བྱ་བའི་བསྟན་བཅོས་གཅིག་གསུངས།དཀར་ལེབ་དྲུང་ཡིག་གི་སུམ་འགྲེལ་དུ། ༨ཡི་གེ་བཤད་པ་ཀླུ་དབང་མགུལ་རྒྱན་བྱ་བ་གཅིག་བཅས་བསྟན་བཅོས་བརྒྱད་པོ་འདི་ཕྱི་དར་དུས་ནའང་ཡོད་པར་གསུངས་པས་འདི་དག་སློབ་དཔོན་ཐོན་མིའི་སྒྲའི་བསྟན་བཅོས་བརྒྱད་པོ་ཡིན་མིན་དང་དེ་ལས་གཞན་པའི་བརྡ་སྤྲོད་པའི་གཞུང་ཡིན་མིན་དཔྱད་དཀའ་ཡང་དཔྱད་གཞིར་གཟུང་ཆོག་གོ།
  • དེ་ཡང་བོད་ཀྱི་ཆོས་འབྱུང་ཁག་ལས་སློབ་དཔོན་གྱིས་བོད་ཀྱི་ཡིག་གཟུགས་ཐོག་མར་བཟོ་སྐབས་མ་ཕྱི་གང་ལ་མཛད་པའི་ཁུངས་འཆད་པ་ན་ལ་ལས་ནཱ་ག་རའི་ཡི་གེ་༼ཆོས་སྒོ་བ་ཚུལ་ཁྲིམས་བཟང་བོའི་ཆོས་འབྱུང་།༽ལ་དཔེར་བྱས་པ་དང་།ལ་ལས་ཁ་ཆེའི་ཡི་གེ་༼བུ་སྟོན་ཆོས་འབྱུང་།༽ལ་དང་།ལ་ལས་ནཱ་ག་ར་དང་ཁ་ཆེའི་ཡི་གེ་གཉིས་ཀར་དཔེར་མཛད་པ་༼མཁས་པའི་དགའ་སྟོན།༽དང་།ལ་ལས་ལཉྫའམ་རཉྫ་སྟེ་མདོག་ལྡན་ཞེས་པ་ཟུར་ཆག་པའི་ལྷའི་ཡི་གེ་ལ་དཔེར་བྱས་ནས་དབུ་ཅན།ཝརྟུ་སྟེ་འཁྱིལ་བ་ཞེས་བྱ་བ་ཀླུའི་ཡི་གེ་ལ་དཔེར་བྱས་ནས་དབུ་མེད་༼དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།༽བཟོས་པ་དང་།ཡང་མཁས་པ་ལ་ལས་གུཔྟའི་ཡི་གེ་ལ་དཔེར་བྱས་༼དེབ་དཀར།༽ནས་བཟོས་པ་དང་།ལ་ལས་གུཔྟ་དང་ནཱ་ག་ར་གཉིས་ལ་དཔེར་བྱས་༼ཞ་སྒབ་པའི་སྲིད་དོན་ལོ་རྒྱུས།༽བཟོས་པ།བོན་རྣམས་ཀྱིས་སྟག་གཟིག་སྤུངས་ཡིག་དེ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར།དེ་སྨར་ཡིག་ཏུ་བསྒྱུར།དེ་ལས་དབུ་ཅན་དང་དབུ་མེད་ཀྱི་གཟུགས་བཟོས་པར་བཤད་པ་སོགས་བཤད་ཚུལ་སྣ་ཚོགས་ཡོད་པ་གང་ལྟར་ཡང་བོད་ཀྱི་མཁས་པ་བྱིངས་ལ་གྲགས་པ་ནི།ལཉྫ་ལ་དཔེར་བྱས་ནས་དབུ་ཅན་དང་ཝརྟུ་ལ་དཔེར་བྱས་ནས་དབུ་མེད།ནཱ་ག་རའི་ཡི་གེར་དཔེར་བྱས་ནས་ལན་ཝར་གྱི་འབྲི་ཚེགས་ལས་སྟབས་བདེར་མཛད་པ་ནི་རླུང་ལྟར་གྲགས་པའི་གཏམ་མོ།།འོན་ཀྱང་ཐོན་མིའི་སྐབས་ཀྱི་ཡིན་ངེས་པའི་ཡིག་རྙིང་དང་འགྱུར་ཡིག་གང་ལ་དཔྱད་ཀྱང་དེ་དུས་སུ་དབུ་མེད་ཀྱི་འབྲི་ཚུལ་དར་མི་འདུག་པས་དབུ་ཅན་དབུ་མེད་ལྷན་དུ་དར་མིན་དཔྱད་དགོས་ལ།དཔལ་ཚེ་ཏན་ཚང་གིས་ཀྱང་ཐོན་མིའི་དུས་སུ་དབུ་ཅན་ཁོ་ན་དར་བར་གྱུར་པ་ལས་དབུ་མེད་དར་བར་མི་སེམས་སོ།།ཞེས་གསུངས་སོ།།དེང་དུས་ཀྱི་མཁས་པ་ལ་ལས་ཐོན་མིས་རྒྱ་གར་བའི་ཡི་གེར་དཔེར་བྱས་ནས་དབུ་མེད་དང་།ཞང་ཞུང་གི་སྨར་ཡིག་ལ་དཔེར་བྱས་ནས་དབུ་ཅན་བཟོས་ཞེས་བཤད་པ་ནི་དཔྱད་པའི་གཞིའོ།།
  • དེ་ལྟར་ཐོན་མིའི་ཡིག་རྒྱུན་དེ་རིམ་གྱིས་བརྒྱུད་དེ་ཡིག་མཁན་མཁས་པ་མི་བརྒྱད་དང་།དེ་མིན་སྐ་བ་དཔལ་བརྩེགས།ཨ་ཙ་ར་དཔལ་དབྱངས།བཻ་རོ་ཙ་ན་སོགས་སྔ་དར་སྐབས་ཀྱི་ཡིག་མཁན་མང་བོ་བྱོན་ཞིང་།ཕྱི་དར་དུས་མགོ་ཙམ་ན་ཡིག་མཁན་མཁས་པ་སྒྲོ་གཉའ་ཁྲི་དང་ཤཱཀྱ་རྡོ་རྗེ་སོགས་བྱོན་ཞིང་།སྔ་མས་གྲ་ཤོད་ཀྱི་རྡོ་རིང་ལ་གཞི་བྱས་ཏེ་བར་གསར་བྱ་བའི་བྲིས་ཚུགས་སྤེལ། ཁྱད་པར་དུ་ཁྱུང་བོ་གཡུ་ཁྲི་འབར་དང་དེའི་སློབ་མ་ཡིག་མཁན་བཅུ་གཉིས་ལ་སོགས་པས་དཀྱིལ་འཁོར་གྱི་ཆ་ཚད་ལ་དཔེ་བླངས་ཏེ་ཡི་གེ་ལ་ཆ་ཆེན་ཆ་ཆུང་གི་སྲོལ་བཏོད།དེ་དང་སུམ་པ་གནོད་སྦྱིན་སོགས་ཀྱིས་རིམ་བཞིན་དར་རྒྱས་སུ་མཛད་པ་ལ་རྫབ་ཆེན་དང་རྫབ་ཆུང་།འབྲུ་ཆེན་དང་འབྲུ་ཆུང་།འབྲུ་ཆེན་ལ་ལི་ལུགས་དང་ལྡན་ལུགས།ཤར་མ་དང་དཀྱུས་ཡིག་སོགས་ཤིན་ཏུ་ནས་འཕེལ་རྒྱས་སུ་སོང་ཞིང་།ཡི་གེའི་ཆ་ཚད་དང་སོ་སོར་གང་ལ་བྲི་བའི་གཞུང་གི་རྐྱེན་ཐོབ་སོགས་ཀྱང་ངེས་པ་ཅན་དུ་མཛད་ནས་དུས་ད་ལྟ་ལ་ཐུག་གི་བར་བོད་ཁམས་མཐའ་དབུས་ཀུན་ཏུ་ཡི་གེ་བྲི་བའི་སྲོལ་རྒྱ་ཆེར་དར་བ་འདི་ཡང་རྩ་བ་མཐར་གཏུགས་ན་སློབ་དཔོན་ཐོན་མི་ཁོ་ནའི་བཀའ་དྲིན་ཡིན་པར་ཤེས་པར་བྱའོ།།
  • ཐོན་མིས་མདོ་རྒྱུད་གང་དང་གང་བསྒྱུར་ཚུལ་ཆོས་འབྱུང་རྣམས་ལས་ཚུར་བསྡུས་ན།ཀུན་མཁྱེན་བུའི་ཆོས་འབྱུང་དུ་མདོ་ཟ་མ་ཏོག་བཀོད་པ་དང་།དཔང་སྐོང་དང་།མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པ་བསྒྱུར། ཞེས་དང་།ནེལ་བའི་ཆོས་འབྱུང་དུ། མདོ་སྡེ་དཀོན་མཆོག་སྤྲིན། པདྨ་དཀར་པོ། གཟུངས་ཙིནྟ་མ་ཎི།འདུས་པ་རིན་པོ་ཆེའི་ཏོག འདུལ་བ་ཀ་རི་ཀ་སོགས་འགའ་རེ་བསྒྱུར། ཞེས་དང་། རྒྱལ་རབས་གསལ་མེར།འདུས་པ་རིན་པོ་ཆེའི་ཏོགམདོ་ཟ་མ་ཏོག་བཀོད་པ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་རྣམས་བོད་དུ་བསྒྱུར།ཞེས་དང་།དཔལ་ཚེ་ཏན་ཚང་གིས་ཐོག་མར་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་བསྒྱུར་བར་མཛད་དེ།ཞེས་པ་ནས། གཞན་ཡང་འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས། ཟླ་བ་སྒྲོན་མེའི་མདོ།མདོ་སྡེ་དཀོན་མཆོག་སྤྲིན། དམ་པ་ཏོག་དཀར་གྱི་མདོ། དགེ་བ་བཅུའི་མདོ།ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་སྟེ་མཚན་གཞན་འབུམ་པར་གྲགས་པ་རྣམས་ཀྱང་བསྒྱུར། ཞེས་དང་།ཡང་གཉན་པོ་གསང་བའི་ཁྲོད་ནས་དཔང་སྐོང་ཕྱག་རྒྱ་བ། མདོ་སྡེ་ཟ་མ་ཏོགཙིནྟ་མ་ཎིའི་གཟུངས༼ཡིག་ཆ་གཞན་དུ་བརྐོས་ཕོར་ཏེ་ཙྪ་པར་ལྟ་བུ་ཞིག་ཡིན་པར་གསུངས།༽།མདོ་སྡེ་ལས་རྣམ་འབྱེད་རྣམས་ཀྱང་བསྒྱུར།ཞེས་པ་སོགས་བསྡོམས་ན་ཆོས་ཚན་རིང་ཐུང་མི་འདྲ་བ་སུམ་ཅུ་རྩ་གྲངས་ལྷག་ཅིག་བསྒྱུར་བར་མཛད་དོ།།
会员登录
登录
我的资料
留言
回到顶部