རབ་གནས་མེ་མོ་བྱ་ལོའི་སྨིན་དྲུག་ཟླ་བ་དམར་ཕྱོགས་ཀྱི་བཟང་བ་གཉིས་པ་སྟེ་སྤྱི་རྩིས་སུ་ཟླ་བ་བཅུ་གཉིས་པའི་ཚེས་པ་དགུ་ལ་བགྲང་བའི་གཟའ་སྐར་འཕྲོད་སྦྱོར་གྱི་ཉིན་མོ་འདིར། མདོ་སྨད་ཀན་ལྷོའི་ཡུལ་གྱི་སྲིད་འཛིན་གྱི་ལྟེ་བ་གཙོས་ལྗོངས་རིག་པ་འབྱུང་བའི་གྲོང་ནས་རང་རེའི་བོད་ཀྱི་ཡིག་བྲིས་རིག་གནས་ཀྱི་རྒྱུད་འཛིན་པ་སྐོར་ཞིག་འདི་ལྟར་ལམ་ལ་ཆས་བྱུང་།
གསལ་བོར་བཤད་ན། ཁོ་ཚོ་ནི་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་མ་སྤྱིར་བཏང་བ་སྐོར་ཞིག་སྟེ། ཉེ་སྔོན་སློབ་གླིང་དེ་གར་གསར་དུ་ཚུགས་པའི་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་ལས་སྐལ་ཅན་ཏག་ཏག་ཀྱང་རེད་འདུག
དགའ་འོས་པ་ཞིག་ལ། ཁོ་ཚོའི་སྦྱངས་བརྩོན་གྱི་འབྲས་བུ་རེ་རེ་ཡུལ་དངོས་ཀྱི་སློབ་གྲྭ་དེ་གའི་བོད་ཀྱི་ཤེས་རིག་འཕེལ་རྒྱས་གླིང་གི་ཧྲུའུ་ཅི་རྒན་བཀྲ་ཤིས་དོན་གྲུབ་དང་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་རེ་འགའ་གཙོ་བྱས་པའི་ཕྱོགས་ཡོངས་ཀྱི་མགྲོན་པོའི་མིག་གི་དགའ་སྟོན་དུ་གྱུར་ཀྱང་། དྲང་བདེན་དྲང་བཞག་གི་དཔྱད་འདེམས་བརྒྱུད་བན་དེ་མཁར་སོགས་སློབ་བུ་སྔོན་བསགས་ཅན་བཅུ་གཉིས་ལ་གཟེངས་བསྟོད་ཀྱི་རྟགས་མའང་ཡུག་གཅིག་ཏུ་སྤྲད།
ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་སྐལ་བཟང་དོན་གྲུབ་ཀྱིས་ཡུལ་དངོས་ཀྱི་བརྩམས་ཆོས་དག་ལ་དཔྱད་འཇོག་གནང་བཞིན་པ།
ཐེངས་འདིའི་འགྲན་སྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་པའི་སློབ་གྲོགས་ཀླུ་འབུམ་ཚེ་བརྟན་དང་གདུགས་དཀར་ཚེ་རིང་།རྡོ་རྗེ་ཚེ་བརྟན། སྲིད་གཅོད་རྡོ་རྗེ། སངས་རྒྱས་སྐྱབས་དང་སྒྲོལ་མ་ཚེ་རིང་། ༼ འདིའི་ཁྲོད་ཀྱི་སློབ་གྲོགས་གཉིས་སྒེར་གྱི་རྐྱེན་དབང་གིས་ཞུགས་མ་ཐུབ།༽
ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་རྒན་བླ་མ་སྐྱབས་དང་ཐེངས་འདིའི་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་པའི་སློབ་གྲོགས་བཀྲ་ཤིས་དོན་གྲུབ་དང་རིན་ཆེན་ལྷ་མོ། ལྷ་མོ་སྐྱབས།
ཐེངས་འདིའི་འགྲན་སྡུར་ཁྲོད་ཨང་གཉིས་པ་ཐོབ་པའི་སློབ་གྲོགས་ཚེ་དོན་དང་བློ་བཟང་དོན་གྲུབ།
རྒན་སངས་རྒྱས་བཀྲ་ཤིས་དང་ཐེངས་འདིའི་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་པའི་སློབ་གྲོགས་བན་དེ་མཁར།
རགས་རྩིས་རེ་བརྒྱབ་ཚེ། ཐེངས་འདིའི་འགྲན་སྡུར་གྱི་ཡུལ་དངོས་ལ་ཁྱོན་སྡོམ་དུ་བརྩམས་ཆོས་ཉིས་བརྒྱར་ཉེ་བ་འཕྲོད་འདུག་ལ། ཡི་གེའི་གྲུབ་གཟུགས་ཀྱང་ཡུལ་འདིའི་བྲིས་རྒྱུན་ཁྱད་འཕགས་ཅན་བཤེས་ཆེན་དམ་པ་དྲུང་ཡིག་སྨོན་ལམ་དང་ཨ་ཁུ་དཀོན་མཆོག་བདེར་གཤེགས་ལས་བརྒྱུད་པའི་དབུ་ཅན་དང་དབུ་མེད་སུག་རིང་། སུག་ཐུང་། འབྲུ་ཚ། རྒྱུག་བྲིས། ལཉྫ་དང་ཧོར་ཡིག མཛེས་བྲིས་སོགས་རིགས་སྣ་བཅུ་ཁ་ལྷག་འཛོམས་ཡོད།
ཚབ་མཚོན་དབུ་ཅན་གྱི་བྲིས་དཔེ།
ཚབ་མཚོན་སུག་རིང་གི་བྲིས་དཔེ།
མཇུག་མཐར། རྒན་བསོད་ནམས་ཚེ་རིང་དང་བན་དེ་ཚེ་རིང་། སྐལ་བཟང་དོན་གྲུབ་དང་བཅས་པའི་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་རྣམ་པས་དེར་བཞུགས་ཀྱི་སློབ་བུ་དག་ལ་བྲིས་ཀྱི་ཤེས་བྱ་ཅི་ཡོད་ཅི་མཁྱེན་བུམ་པ་གང་བྱོའི་ཚུལ་དུ་ལེགས་པར་སྤེལ་བས། ཀུན་ཀྱང་དགའ་སྤྲོའི་དཔལ་ལ་རོལ་བའི་ཉིན་གཅིག
རྒན་བསོད་ནམས་ཚེ་རིང་གིས་ཡུལ་དངོས་ཀྱི་སློབ་གྲོགས་དག་ལ་ཁ་བརྡ་གནང་བཞིན་པ།
ཡུལ་དངོས་ཀྱི་ཟུར་གཅིག
ཐང་དགེ་བླ་མ་སྐྱབས་ཀྱིས་ཡུལ་དངོས་སློབ་གྲོགས་དག་ལ་སྙེ་བྲིས་ཀྱི་སྨྱུག་རིམ་བསླབ་བཞིན་པ།
བན་དེ་ཚེ་རིང་གིས་ཡུལ་དངོས་ཀྱི་སློབ་གྲོགས་དག་ལ་ཤོག་བུའི་ལྟེབ་ཚུལ་བསླབ་བཞིན་པ།
སློབ་གྲོགས་བན་དེ་མཁར་གྱིས་སློབ་མ་ཚོའི་སྐུ་ཚབ་དུ་“བོད་ཀྱི་ཡིག་གཟུགས་”ཞེས་པའི་བྲིས་དཔེ་འབྲི་བཞིན་པ།
|