༄།།གངས་ཅན་ཡི་གེའི་གཟུགས་རིས་ཀྱི་རིག་གཞུང་དང་ལག་ལེན་གི་སྙིང་པོ་དྲི་བ་དྲིས་ལན་གྱི་ཚུལ་དུ་བྱས་པ་པིར་འཛིན་མདོངས་མཐའ་མགུ་བའི་དབྱར་རྔ་ཞེས་བྱ་བ་བཞུགས་སོ།།
༡༢ འཕགས་ཡུལ་དུ་ཡིག་སྲོལ་དར་ཚུལ་ཇི་ལྟར་ཡིན།
ལན། ཡིག་བཤད་ཀླུ་དབང་མགུལ་རྒྱན་ལས།སུམ་ཅུ་རྩ་གསུམ་ལྷ་གནས་ནས། །ལཉྩ་ལྷ་ཡི་ཡི་གེ་དང་། །བྷ་གྲུ་ཀླུ་ཡི་ཡི་གེ་སོགས། །རྒྱ་གར་འཕགས་པའི་ཡུལ་དུ་བབས།།ཀུན་གྱི་བཤེས་གཉེན་ལ་སོགས་པས། །འཕགས་ཡུལ་ཐམས་ཅད་གང་བར་བྱས། །ཞེས་གསུངས་པས་གྲུབ་བོ།།ཀུན་གྱི་བཤེས་གཉེན་ཞེས་པ་ནི། བདག་ཅག་གི་སྟོན་པའི་ཀློག་གི་དགེ་རྒན། བྲམ་ཟེའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ལ་གོ་དགོས་སོ།།
༡༣ བོད་འདིར་ཡིག་སྲོལ་དར་ཚུལ་ཇི་ལྟར་ཡིན་ནམ།
ལན། དེའང་འཇམ་དབྱངས་ཁྱུང་པོ་གཡུ་ཁྲིའི་དགོངས་པ་ལྟར་འགོད་ན།ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་གྱིས་སྤུར་རྒྱལ་ཆབ་སྲིད་སོགས་ཀྱི་དགོས་མཁོར་གཞིགས་ཏེ་ཐོག་མར་བློན་ཆེན་མགར་སྟོང་བཙན་འཁོར་མང་པོ་དང་བཅས་རྒྱ་གར་དུ་མངགས་ཀྱང་ཚད་པ་སོགས་བར་ཆད་ཀྱིས་རྒྱལ་པོའི་དགོངས་པ་མ་བསྒྲུབ།དེ་ནས་རྒྱལ་པོས་ཐུ་མི་སཾ་བྷོ་ཊར་འཁོར་ངོ་ཚ་ཁྲེལ་ཡོད་བཅུ་དྲུག་གསེར་སོགས་རྟ་དྲེལ་གྱི་རྒྱབ་གྲངས་མང་པོ་དང་བཅས་ཏེ་རྒྱ་གར་བརྟོལ།རྒྱ་གར་ལྷོ་ཕྱོགས་ན་ཡི་གེ་སྒྲ་སོགས་ལ་རབ་ཏུ་མཁས་པ་བྲམ་ཟེ་ལི་བྱིན་ཞེས་བྱ་བ་ཡོད་པ་གསན་ནས་དེའི་ཞབས་ལ་གཏུགས།བྲམ་ཟེས་ཐུ་མི་ཉིད་རིན་པོ་ཆེའི་གཞལ་ཡས་ཁང་དུ་ཁྲིད་ནས་ཡིག་རིགས་མི་འདྲ་བའི་སྡེ་ཚན་དང་ཡིག་འབྲུ་ཀུན་བསྟན་པ་དཔྱིས་ཕྱིན་པར་སྦྱངས།དེ་ནས་པཎྜི་ཏ་ལྷ་རིགས་པའི་སེང་གེའི་སྙན་པ་གསན་ནས་དེའི་ཞབས་ལ་གཏུགས། སྒྲའི་བསྟན་བཅོས་ཀྱིས་གཙོས་པའི་རིག་པའི་གནས་ལྔར་མཁས་པར་གྱུར་ནས་བོད་དུ་ཕེབས།བློན་ཆེན་ཐུ་མིས་འཕགས་ཡུལ་ཡིག་རིགས་དུ་མའི་ནང་ནས་ལཉྩ་དང་། ནཱ་ག་ར། བྷ་གྲུ་ལ་གསུམ་ལ་ཞིབ་ཏུ་དཔྱད།ཁྱད་པར་ནཱ་ག་ར་ཡིག་ཕྱི་མོར་བཅོལ་ཏེ་ཡུལ་གངས་ཅན་སྐད་ཀྱིས་བརྡ་སྤྲོད་ནུས་པའི་དབྱངས་གསལ་སོ་བཞིའི་བོད་ཡིག་གསར་དུ་བཏོད་པ་ལགས་སོ།།
༡༤ སློབ་དཔོན་ཐུ་མིས་བཞེངས་པའི་ཡིག་དཔེ་དང་གསུང་རྟེན་གང་དང་གང་ཡོད་དམ།
ལན། སློབ་དཔོན་ཐུ་མིས་ཐོག་མར་སྐུ་མཁར་མ་རུར་བོད་ཡིག་གི་སྲོལ་གཏོད་སྐབས་ཡིག་ཕུད་དུ་བྲིས་པ་མ་ཎི་ཡིག་དྲུགདེ་ནས་རྒྱལ་པོ་མཇལ་བར་མལ་གྲོ་ཇེན་ཁོག་བཙུན་མོ་ཚལ་དུ་བསྐྱོད་དེ་དེར་རྒྱལ་པོར་ཡིག་ཕུད་ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་།།ཞེས་སོགས་ཕུལ་བ་རྒྱལ་པོའི་བཀས་སྐུལ་ཏེ་སྣ་རྡོའི་བྲག་ལ་བརྐོས་པ། དབུས་སྟོད་ཞའི་རྩིབས་ཀྱི་རྡོ་རིང་ཡི་གེགར་ཆུང་གླ་བ་ཚལ་གྱི་བྲག་མེ་རི་ཅན་གྱི་ཡི་གེ་སོགས་ཡིག་དཔེ་དང་། གསུང་རྟེན་ལ་རྒྱལ་པོའི་ཐུགས་དམ་གྱི་རྟེན་ལ་གསེར་བྲིས་ཀྱི་འབུམ་དང་།ཡེར་པ་ན་ཕུང་པོ་གསུམ་པའི་མདོ། ཕོད་མདོའི་མཁར་ན་བཟང་སྤྱོད་སྨོན་ལམ་རྣམ་པ་ལྔ་སོགས་དང་།གཞན་ཡང་། དང་པོ་ཡི་གེ་རྣམ་འགྱུར་གྱི་བཟོ་བརྩམས་དང་། ཀ་མད་སུམ་ཅུར་བསྒྱུར་བ། སྡེབ་སྦྱོར་སྒྲིག་པའི་གཞི་མ།ཐུ་མིའི་མདོ་རྫིའི་སྒྲ་མདོ། ལུང་སྟོན་པ་རྩ་བ་སུམ་ཅུ་པ། ལུང་སྟོན་པ་རྟགས་ཀྱི་འཇུག་པ།སྔགས་ཀྱི་བཀླག་ཐབས་མུན་པའི་སྒྲོན་མེ་སོགས་མང་དུ་ཡོད་པར་གྲགས་སོ། ། (མུ་འགོད།)
|