༄༅།། གངས་ཅན་ཡི་གེའི་གཟུགས་རིས་ཀྱི་རིག་གཞུང་དང་ལག་ལེན་གྱི་སྙིང་པོ་དྲི་བ་དྲིས་ལན་གྱི་ཚུལ་དུ་བྱས་པ་
པིར་འཛིན་མདོངས་མཐའ་མགུ་བའི་དབྱར་རྔ་ཞེས་བྱ་བ་བཞུགས་སོ། །
བོད་ཀྱི་བཟོ་རིག་པའི་ཁོངས་གཏོགས་སུ་གྱུར་བའི་ཡིག་གཟུགས་སྒྱུ་རྩལ་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་འབྱུང་བཞིན་ཡོད་པའི་དེང་གི་དུས་འདིར། བོད་པ་རྒན་དར་གཞོན་གསུམ་གྱི་ནང་དུ་ཡིག་གཟུགས་ལ་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ཡིག་གཟུགས་དོན་གཉེར་ཅན་ཞིག་ལ་མཚོན་ན། སྣག་འགྲོས་ཁོ་ན་མ་ཡིན་པར་དེ་དང་འབྲེལ་ཡོད་ཀྱི་གཞུང་ལུགས་ཤེས་བྱ་བློ་ལ་ངེས་རྒྱུ་དེ་ཡང་ཧ་ཅང་དགོས་གལ་ཆེ་བར་མཐོང་བས། མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་ལ་དགའ་ཞེན་གནང་མཁན་གྱི་གྲོགས་པོ་ཡོངས་ལ་དམིགས་ཏེ། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཕྲིན་སྟེགས་ཀྱིས་བོད་ཀྱི་ཡིག་མཁན་ཆེན་མོ་རྒན་སྤེན་ནོར་ལགས་གདན་ཞུ་ཞུས་པ་དང་། བོད་ཀྱི་བཟོ་རིག་པའི་ཁོངས་གཏོགས་བོད་ཡི་གེའི་གཟུགས་དང་འབྲེལ་ཡོད་ཀྱི་ཤེས་བྱ་ཁག་དྲི་བ་དྲིས་ལན་གྱི་ལམ་ནས་རྒྱ་ཆེའི་གྲོགས་པོ་ཡོངས་ཀྱི་སྤྱན་ལམ་དུ་ཕུལ་བ་དྲ་ལམ་བསྔོགས་བཤེར་ཡོང་ཕྱིར་ངེད་བོད་ཀྱི་ཡིག་གཟུགས་དྲ་བས་རྒན་ལགས་དང་གྲོགས་པོ་དགེ་མིང་འཇམ་དཔལ་ལགས་དགོངས་ལེན་བྱས་ནས་བརྒྱུད་འགོད་པ་ཡིག་གཟུགས་མཁན་ལ་ཕན་པའི་རྒྱུར་གྱུར་ཅིག
༡.དྲི་བ། རྒན་ལགས། ཡིག་གཟུགས་ཀྱི་རིག་གནས་དེ་རིག་པའི་གནས་གང་གི་ཁོངས་སུ་གཏོགས་སམ།
དྲིས་ལན། ཡིག་གཟུགས་ཀྱི་རིག་གནས་དེ་རིག་པ་བཟོའི་ཁོངས་སུ་གཏོགས་སོ། །
༢.དྲི་བ། བཟོ་རིག་ལ་དབྱེ་ན་ག་ཚོད་ཡོད།
དྲིས་ལན། བཟོ་རིག་ལ་དབྱེ་ན་གཙོ་བོའི་བཟོ་དང་ཕལ་པའི་བཟོ་གཉིས་སོ།
༣.དྲི་བ། གཙོ་བོའི་བཟོ་ཞེས་པ་གང་ལ་ངོས་འཛིན་དགོས་སམ།
དྲིས་ལན། གཙོ་བོའི་བཟོ་ཞེས་པ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཚུལ་སྟོན་པའི་རིག་གནས་ལ་ཟེར།
༤.རྒན་ལགས། ཕལ་པའི་བཟོ་ཞེས་པ་གང་ལ་ངོས་འཛིན་དགོས་སམ།
དྲིས་ལན། ཕལ་པའི་བཟོ་ནི་ཉེར་མཁོའི་དངོས་རྫས་སྣ་ཚོགས་བཟོ་ཚུལ་སྟོན་པའི་རིག་གནས་ལ་ཟེར།
༥.དྲི་བ། འོ་ན་ཡིག་གཟུགས་ཀྱི་རིག་གནས་དེ་བཟོ་རིག་གཙོ་བོར་གཏོགས་སམ་ཕལ་པར་གཏོགས།
དྲིས་ལན། ཡིག་གཟུགས་ཀྱི་རིག་གནས་དེ་བཟོ་རིག་གཙོ་བོར་གཏོགས། དེའང་གཙོ་བོའི་བཟོ་ལ་གསུམ་ཡོད་པ་ལས་སྤྱིར་གསུང་རྟེན་བཟོ་བའི་རིག་གནས་ཡིན།
༦.དྲི་བ། ཡིག་གཟུགས་ཀྱི་རིག་གནས་དེ་བཟོ་རིག་ཀུན་གྱི་མཆོག་ཡིན་ཟེར་དོན་གང་ཡིན།
དྲིས་ལན། དེའང་རིག་གནས་དེ་སྤྱིར་གཙོ་བོའི་བཟོ་གསུམ་གྱི་ཡ་གྱལ་ཡིན་པ་གང་ཞིག བྱེ་བྲག་ཏུ་འདི་ལ་སྐུ་གསུམ་ཐུགས་གསུམ་ཀ་ཚང་བས་ན་བཟོ་རིག་ཀུན་གྱི་མཆོག་ཅེས་གྲགས་སོ། །
༧.དྲི་བ། ཡིག་གཟུགས་དེ་དེ་བཞིན་གཤེགས་པའི་གསུང་རྟེན་དང་ཐུགས་རྟེན་ཡིན་པ་ཤེས་སླ་ཡང་། དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུའི་རྟེན་ཡིན་ཚུལ་ཇི་ལྟར་ལགས།
དྲིས་ལན། དེ་ནི་མདོ་ལས། ལྔ་བརྒྱ་ཐ་མར་སླེབས་པའི་ཚེ། །ང་ནི་ཡི་གེའི་གཟུགས་སུ་སྣང་། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་བཀའ་བསྩལ་བས་གྲུབ་བོ། །
༨.ཡི་གེ་ཚད་ལྡན་བྲིས་པར་ཕན་ཡོན་གང་ཡོད་དམ།
དྲིས་ལན།ཤེར་ཕྱིན་ལས། གལ་ཏེ་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱིས་ཁ་བཅིང་དུ་རུང་བ་ཙམ་ཞིག་ཏུ་གང་བར་གྱུར་པ་དང་། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་པ་ཆ་དེ་གཉིས་ལས་གཅིག་བཙལ་ན། བཅོམ་ལྡན་འདས་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བླང་ངོ་། །ཞེས་སོགས་གསུངས་པས་གྲུབ་བོ། །
༩.ཡི་གེ་ཚད་ལྡན་མ་བྲིས་ན་ཉེས་དམིགས་གང་འབྱུང་།
དྲིས་ལན། ལྷོ་བྲག་སྨན་ཐང་པ་སྨན་བླ་དོན་གྲུབ་མཆོག་གིས། ཡོངས་འཛིན་ངན་པའི་ངག་རྒྱུན་དང་། མི་ཤེས་པའི་སུག་བྲིས་དག་གི་རྗེས་སུ་འབྲངས་ནས་རང་གི་སྡུག་གོམས་ཀྱི་ལག་ལེན་ནོར་བ་དག་བྱས་ཏེ། འདི་དག་ནི་ཁོ་བོ་ཅག་གི་རིང་ལུགས་སོ། །ཞེས་སྨོས་ཤིང་། ལོག་འཚོའི་རྙེད་པ་དོན་དུ་གཉེར་ནས་དད་ལྡན་གྱི་ཡོ་བྱད་ཆུད་གསན་པར་བྱེད་པ་དེ་དག་ནི་ཤིན་ཏུ་རྣམ་སྨིན་ཆེ་བར་འགྱུར། ཞེས་གསུངས་པས་གྲུབ་བོ། །དེང་སང་ཁ་ཅིག་ཁུངས་ཅིའང་མེད་པའི་ཡི་གེ་བྲིས་ཏེ་དེ་ལ་དམིགས་གསལ་གྱི་ཁྱད་ཆོས་ལྡན་པར་རློམ་པ་དག་བསླབ་བྱ་འདི་སྙིང་དུ་བཅང་བར་རིགས་སོ། །
|