设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

ཡིག་གཟུགས་ཤེས་བྱ་དྲི་བ་དྲིས་ལན་གཉིས་པ།

 二维码 836
发表时间:2017-08-01 02:08作者:གཙོས་ཤེས་རབ། རྩོམ་སྒྲིག་པ་སྐལ་བཟང་དོན་གྲུབ།来源:བོད་ཀྱི་ཡིག་གཟུགས་དྲ་བ།

༄༅། །བོད་ཀྱི་ཐམ་ཀ་དང་འབྲེལ་བའི་ཤེས་བྱ་ལོག་རྟོག་ངན་སེལ་སྣང་བྱེད་གསེར་གྱི་ཉི་མ་ཞེས་བྱ་བ།



གཙོས་ཤེས་རབ།


དང་པོ།  སྒྲ་བཤད་དང་མིང་གི་རྣམ་གྲངས།

  མི་སྒེར་རམ་གཞུང་སོགས་ཀྱིས་ཐག་བཅད་པའམ་གནད་དོན་གལ་ཆེའི་རིགས་མི་འགྱུར་བར་དམ་པོ་ཡིན་པ་མཚོན་བྱེད་དུ་བརྒྱབ་པའི་རྟགས་ལ་དམ་ཁའམ་ཐམ་ག་སྟེ། ཁ་དང་ག །ཀ་ནི་མིང་གི་ཆ་ཤས་སུ་བརྗོད་བདེར་་བྱུང་བའོ།།  དེ་ལྟར་བླ་དཔོན་དང་རྒྱལ་བློན། མི་སྐྱ་བྱས་པ་ཅན་སོགས་ཀྱི་ཐོབ་དང་གོ་ས་མཚོན་ཕྱིར་ཤོག་ཤོག་དང་གོས་རས་སོགས་སུ་འགོད་རྒྱུའི་ཐེལ་ཙེའམ་ཐམ་ཀ་འདིའི་མིང་གི་རྣམ་གྲངས་ལ་ཐམ་ག་དང་དམ་ག །དམ་ཁ། ཐེལ་ཙེ། ལྷ་སའི་ཞེ་ས་ལ་ཕྱག་དམ་སོགས་མང་ངོ་། །

གཉིས་པ། རྒྱུ་དང་མདོག །ཐོབ་དང་དབྱིབས་སོགས་ཀྱི་དབྱེ་བ།

   ༡ རྒྱུའི་ཆ་ནས་གསེར་ཐམ།  དངུལ་ཐམ།  བ་སོའི་ཐམ་ག ། རྭ་ཐམ། ལྕགས་ཐམ། ཟངས་ཐམ། ཤིང་ཐམ། དེང་སང་གི་འགྱིག་ཐམ་སོགས་ལས། གསེར་ཐམ་ནི་རྒྱལ་བོར་དབང་བའི་ཐམ་ག་དང་། དངུལ་ཐམ་ནི་བློན་པོ་དང་བཙུན་མོ་སོགས་ལ་དབང་བའི་ཐམ་ག་སྟེ། གཞན་རྣམས་ཀྱང་དེ་བཞིན་རིགས་བསྒྲེས་ཤེས་པར་བྱ། །

    ༢ མཚལ་སྣག་གི་ཆ་ནས་མཚལ་ཐམ་དང་།  ནག་ཐམ་གཉིས། འདི་ལ་ཡང་དང་པོ་ནས་མཚལ་ཐམ་ཡིན་པ་དང་། དང་པོ་ནག་ཐམ་ལ་ཕྱིས་མཚལ་ཐམ་དུ་བསྒྱུར་པ་དཔེར་ན་སྡེ་སྲིད་སངས་རྒྱམ་པའི་ནག་ཐམ་ཉང་བྲན་ཆབ་སར་བོར་བ་ཕྱིས་ཕོ་ལྷ་བའི་སྲས་འགྱུར་མེད་རྣམ་རྒྱལ་གྱིས་རྙེད་ནས་མཚལ་ཐམ་དུ་བསྒྱུར་བ་ལྟ་བུའོ། །སྔར་བླ་དཔོན་གྱིས་མཚལ་ཐམ་དང་། མི་སྐྱ་རྣམས་ཀྱིས་ནག་ཐམ་གདབ་དགོས་པར་བཤད་མོད་དེ་ནི་མ་ངེས་ཏེ། སྡེ་སྲིད་སངས་རྒྱམ་དང་ཕོ་ལྷ་བ་གཉིས་ཀས་མཚལ་སྣག་གཉིས་ཀའི་ཐམ་ག་བེད་སྤྱོད་གནང་ཡོད་པ་དང་། རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོས་དམར་ཐམ་གླིང་གསུམ་མ་དང་། ནག་ཐམ་དམ་ཕྲུག་བདེ་སྐྱིད་མ་གཉིས་ཀ་བེད་སྤྱོད་གནང་ཡོད་པ་ལྟ་བུའོ།། ལས་ཐོབ་ཀྱི་ཆ་ནས་ལས་ཐམ་དང་སེལ་དམ་གཉིས་སོ། །  

    ༣ དབྱིབས་ཀྱི་ཆ་ནས་སྒོར་ཐམ་དང་གྲུ་ཐམ། སྔར་རྒྱ་ནག་ལུགས་ལ་བླ་དཔོན་དག་གིས་རྟགས་ཐེལ་དང་ལས་ཐམ་གཉིས་ཀ་གྲུ་བཞི་དང་། བཙུན་མོ་སོགས་ཀྱིས་རྟགས་ཐམ་སྒོར་མོར་བྱེད་པ་རྒྱུགས་ཆེ།  བོད་ལ་སྤྱིར་མ་ངེས་མོད་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ལས་ཐམ་སོགས་ལས་རྒྱ་ནག་གི་ཤུགས་རྐྱེན་ནི་ཅུང་ཟད་ཡོད་པར་མངོན་ནོ། །སྤྱི་ལྡོག་ནས་སྒོར་ཐམ་ནི་མཚན་རྟགས་དང་། གྲུ་ཐམ་ནི་ལས་ཐོབ་ཀྱི་ཐམ་གའོ། །  

    ༤ ཡི་གེའི་གཞུང་ཐིག་གི་ཆ་ནས་ཁོ་བོས་ད་སྔ་དངོས་སུ་མཐོང་བ་དག་ནི་གླིང་གཅིག་མ་ནས་གླིང་བརྒྱད་མའི་བར་དུ་ཅི་རིགས་མཆིས་ཤིང་།དེ་ལ་ཡང་རྒྱ་བོད་ཧོར་མན་ཇུ་ཤན་སྦྱར་མ་དང་། ཧོར་ཡིག་རྐྱང་བ། བོད་ཡིག་རྐྱང་མའི་གླིང་མི་འདྲ་བ་ཡོད་ཅིང་།  དེ་དག་ལས་གླིང་གཅིག་མ་ནི་རྒྱལ་ཚབ་སྟག་བྲག་གི་ལྟག་ཐམ་ལྟ་བུ། གླིང་གཉིས་མ་ནི་གོང་ས་ལྔ་བའི་སེལ་དམ་དང་ཕྱིང་དཀར་བའི་ལྷ་ཐམ། སྡེ་སྲིད་སངས་རྒྱམ་པའི་རྒྱལ་ཕྲན་ཁག་ལ་བཏང་བའི་དམར་ཐམ་ལྟ་བུ། གླིང་གསུམ་མ་ནི་རྒྱལ་དབང་བསོད་ནམས་རྒྱ་མཚོར་སོག་རྒྱལ་ཨལ་ཐན་གྱིས་ཕུལ་བའི་ལུང་ཐམ་ལྟ་བུ། གླིང་བཞི་མ་ནི་ད་ལའི་བའ་ཐུར་ཏའི་ཆིང་གི་ཐམ་ག་ལྟ་བུ། གླིང་ལྔ་མ་ནི་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱ་མཚོའི་རྒྱལ་ཐམ་ལྟ་བུ། གླིང་དྲུག་མ་ནི་ལྷ་བཟང་ཁང་གི་ལུང་ཐམ་ལྟ་བུ། གླིང་བདུན་མ་ནི་རྒྱལ་ཚབ་རྟ་ཚག་བསྟན་པའི་མགོན་པོའི་ལུང་ཐམ་ལྟ་བུ། གླིང་བརྒྱད་མ་ནི་རྒྱལ་མཆོག་བཅུ་གསུམ་པའི་བཀའ་ཐམ་ལྟ་བུའོ།། ཐམ་ཡིག་སུམ་ཕབ་ཅན་ལའང་ནང་གསེས་ལུགས་གསུམ་སྟེ། <༡>ཧོར་ཡིག་གཡས་དང་། རྒྱ་ཡིག་དཀྱིལ། བོད་ཡིག་གཡོན་དུ་ཡོད་པ་ནི་ཀུན་མཁྱེན་ལྔ་བར་རྒྱལ་དམངས་སྲིད་གཞུང་གི་སྲིད་ལོ་གསུམ་པར་ཕུལ་བའི་ཐམ་ག་ལྟ་བུ།<༢>བོད་ཡིག་གཡས་དང་། རྒྱ་ཡིག་དཀྱིལ། ཧོར་ཡིག་གཡོན་དུ་ཡོད་པ། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱི་ལུང་ཐམ་ལྟ་བུ། <༣> བོད་ཡིག་གཡས་དང་། ཧོར་ཡིག་དཀྱིལ། རྒྱ་ཡིག་གཡོན་དུ་ཡོད་པ་སྡེ་སྲིད་སངས་རྒྱམ་པའི་དངུལ་ཐམ་ཆེན་མོ་ལྟ་བུའོ། ། རྐྱང་མ་ལ་ཧོར་ཡིག་ཁོ་ན་དང་། བོད་ཡིག་ཁོ་ན། ལེགས་སྦྱར་ཁོ་ན། རྒྱ་ཡིག་ཁོ་ན། འདི་ནི་གོང་ས་ལྔ་བར་གོང་མས་སྩལ་པའི་གསེར་ཐམ་ལ་གཞིར་བཅོལ་ཏེ་རྒྱ་ཡིག་ཁོ་ནའི་འབྲུ་དོན་ལས་མཚན་དུ་ཆགས་པའི་རྒྱ་ཐམ་རྩི་རྩི་ཕོའུ་ལྟ་བུ་དང་། སྡེ་སྲིད་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོའི་རྒྱ་ཐམ་ལྟ་བུ་སྟེ། དེ་ལྟ་བུའི་རྒྱ་ཐམ་རེ་ཟུང་མཆིས་སོ། །

   ཧོར་ཡིག་ལའང་གསང་ཐམ་མ་སྟེ་ཡི་གེ་ཐམས་ཅད་སྦྲེལ་ཏེ་བཀླག་དཀའ་བ་ཅན་ཡོད་དོ།། བོད་ཡིག་ཡིག་གཟུགས་ལ་འབྲུ་ཚ་དང་ལྡན་ཡིག །དབུ་ཅན་ཅི་རིགས། གཞན་ཧོར་ཡིག་གསར་མ་དང་མན་ཇུའི་ཡི་གེ། ལན་ཝར།  རྒྱ་ཡིག་ནི་ཕལ་ཆེ་བ་གཟབ་མ་ཞོ་ཀྲའན་ཧྲོ་ཡིན།

    ༥ ཡང་སྲིད་དོན་ཆེ་ཁག་དང་གལ་ཆེའི་གཞུང་གི་བྱེད་སྒོའི་ཡིག་ཆའི་སྟེང་མ་གཏོགས་དུས་རྒྱུན་དུ་བེད་སྤྱོད་མི་གནང་བར་མཛོད་སྦུག་ཏུ་ཉར་དགོས་པའི་ཆ་ནས་སྦུག་དམ་དང་། དེ་མ་ཡིན་པའི་མཛད་དོན་ཆུང་ཕྲའི་རིགས་ཅི་ཡོད་ལ་གདབ་རྒྱུའི་དམ་ཕྲུག་སྟེ་ཐམ་ཀ་ཆུང་ངུའི་རིགས་གཉིས་ཡོད་པ་ནི། དཔེར་ན་གོང་སའི་སྦུག་དམ་དང་དམ་ཕྲུག་ལྟ་བུའོ། །

གསུམ་པ། ཐམ་ཡུ་དང་ཆེ་རྟགས།

   ལས་ཐོབ་ཀྱི་ཐམ་ཡུ་ལ་སྟག་མགོ་ནོར་བུ་གསུམ་པ། སེངྒེ་ཁ་སྤྲོད། འཁྱིལ་འབྲུག་སོགས་དབང་ཐང་དང་ཆེ་བ་འདོན་པའི་རྟགས་མཚན་དང་།  གཞན་དེ་སྔའི་གཞུང་སའི་བླ་དཔོན་དག་གིས་ཁྲིར་བཞུགས་ཡུན་ལ་རྒྱལ་བོ་དང་ས་སྐྱོང་། སྡེ་བའི་ཁྲི་ཐོགས་མཚོན་ཕྱིར"ཉི་ཟླ་"དང་།  ཡི་གེ་ལ་"ཛ་"རྟགས་ཅན་དང་། "ས་"རྟགས་ཅན། "ཨ་"རྟགས་ཅན་སོགས་ལན་ཝར་བོད་ཡིག་ཅི་རིགས་ཀྱིས་བརྐོས་ཤིང་། བསྟན་སྲུང་ཕྱིང་དཀར་བ་ལ་དམིགས་བསལ་"ལྷ་ཐམ་"ཞེས་པ་བླ་དཔོན་གཞན་གྱི་ལས་ཐམ་དང་མཉམ་དུ་རྒྱགས་སྲོལ་ཡོད་པ་འདི་ནི་བཀའ་རྟགས་ཀྱི་ཁོངས་སུ་འདུ་བར་སྙམ།

བཞི་བ། ཐམ་ཀའི་ཐམ་གཡོག

    སྤྱིར་ཐམ་ཀའི་ཐམ་གཡོག་ལ་དབང་ཐང་མཚོན་ཕྱིར་མཐའི་ནམ་མཁའ་གྲུ་བཞི་ཆེ་ལེབ་ཏུ་བརྐོས་པ་རྒྱལ་དབང་ལྔ་བ་དང་ཕོ་ལྷ་བའི་ལས་ཐམ་ལྟ་བུ་དང་། ནང་རིས་ཕྲ་ཐིག་གཅིག་ཅན་ནི་ཁང་ཆེན་པ་དའི་ཆང་པཱ་ཐུར་བསོད་ནམས་རྒྱལ་པོའི་ཐམ་ག་ལྟ་བུ། ཕྲ་རིས་གཉིས་ཅན་ནི་རྒྱལ་དབང་ཚངས་དབྱངས་པའི་ལས་ཐམ་ལྟ་བུ། གྲུ་བཞི་མཐའ་རྒྱ་ལྕགས་ཅན་འགའ་རེ་བྱུང་བ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཐམ་གར་གྲགས་པ་དེ་དང་། གཞན་ལྟག་ཐམ་གྱི་རིགས་ལས་གོང་ས་ལྔ་བའི་ལྟག་མིག་ཅན་དང་། སྐུ་ཆས་དང་སྒོ་རྒྱ་སོགས་ལ་གནང་རྒྱུའི་གླིང་གསུམ་མ་དང་། འདིའི་གླིང་གསུམ་ནི་ཡི་གེའི་གཞུང་ཐིག་གིས་བཤད་པ་མིན་པར་དབྱིབས་ཀྱི་ཆ་ནས་ཐོགས། དངུལ་བྲེ་མའམ་རྔོ་བྲེ་མར་གྲགས་པ། འདིའི་དབྱིབས་ནི་རྡོ་རྗེ་ལྟ་བུའམ་རྒྱའི་ཡི་གེ་鼎ལྟ་བུ་ཤིན་ཏུ་ཁྱད་མཚར་བོ་འདུག །དེ་ལྟར་ལས་ཐམ་ལ་ཐམ་གཡོག་གྲུ་བཞི་གཙོ་ཞིང་། རྟགས་ཐེལ་མང་ཆེ་བ་སྒོར་མོ་ཡིན་པར་བིས་པ་མི་ཕམ་པས་གསུངས་སོ།།

ལྔ་པ།  ཐམ་ག་གདབ་ལུགས།

   དེ་སྔ་བོད་ས་གནས་སྲིད་གཞུང་གི་སྐབས་ཐམ་ག་མང་ཆེ་བ་ཤེ་བམ་དང་བཀའ་ཤོག །རྩ་ཚིག །གཞུང་དཔེ་སོགས་ཀྱི་སྟེང་གདབ་པ་ཡིན་པས་གཞུང་དཔེ་ལྟ་བུ་ལ་དབུ་ཤོག་དང་མཇུག་ཞབས་སུ་དུང་ཐེལ་དང་ཆོས་འཁོར་སོགས་བཀྲ་ཤིས་པའི་རྟགས་ཐམ་ཅི་རིགས་གདབ་པ་དང་། བཀའ་ཤོག་ལ་དཔེར་ན་དྲུག་པ་ཆེན་པོས་གཙོའི་ས་ཆའི་དཔོན་སྙིང་མཐར་རྒྱལ་ལ་གནང་བའི་བཀའ་ཤོག་རིན་པོ་ཆེ་རང་གིས་དངོས་སུ་མཐོང་བ་དེ་གཞིར་བྱས་ཏེ་བཤད་ན། མགོ་ཐམ་དང་བར་ཐམ། མཇུག་ཐམ་གསུམ་ལས། དང་པོ་ནི་"གོང་མ་་་་་་་་་་གནམ་འོག་བསྟན་པ་གཅིག་གྱུར་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མར་དབང་བསྐུར་བ་དྲུག་པའི་གཏམ།" ཞེས་པའི་"གཏམ་"ཡིག་གི་སྟེང་དུ་གདབ་ཡོད་ལ། གཉིས་པ་ནི་"ནག་ཟླའི་གྲལ་ཚེས་དགེ་བར་ཕོ་བྲང་ཆེན་པོ་པོ་ཏ་ལའི་རྩེ་ནས་བྲིས། " ཞེས་པའི་མཐའི་ཡིག་འབྲུ་གསུམ་གྱི་ཐོག་ལས་ཐམ་གྲུ་བཞིར་"ནུབ་ཕྱོགས་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ག"ཞེས་ཡིག་འབྲུ་བོད་ཧོར་རྒྱ་ཡིག་སུམ་ཕབ་ཅན།  ལྔ་བ་ཆེན་པོར་གོང་མས་ཐོག་མར་སྩལ་པའི་གསེར་ཐམ་གྲགས་ཅན་དེ་གདབ་ཡོད།  གསུམ་པ་ནི་མཇུག་བྱང་དུ་མགོན་པོ་ཕྱག་དྲུག་པ་དང་དམ་ཅན་ཆོས་རྒྱལ་གྱི་ཙ་ག་གཉིས་བཞེངས་ཏེ་དཔོན་པོ་གང་དེའི་ཚ་བརྒྱུད་དང་བཅས་པ་གཉེར་གཏད་ཀྱི་ཤོ་ལོ་ཀ་གཅིག་ཡོད་པའི་མཇུག་གི་ཕྱག་དྲུག་ལྷ་ཞེས་པའི་ཡིག་འབྲུ་གསུམ་གྱི་སྟེང་གདབ་ཡོད་པའོ།། དེ་ཡང་ཡིག་འབྲུ་ནོན་པའི་ཚུལ་ཏུ་གདབ་པ་ལས་དེང་སང་ལྟར་ས་སྟེང་གང་ཡོད་ལ་མཛེས་ཆོས་ཀྱིས་གདབ་པ་དེ་འདྲ་ཡེ་ནས་མིན་ནོ།།

དྲུག་པ། ཐམ་གའི་ཡི་གེ།

   ལས་ཐམ་ལ་ནང་དོན་ནི་ལས་ཐོབ་ཀྱི་ཆེ་བའི་ཡི་གེ་དགོས་པ་གོང་ཞུས་ལྟར་དང་། དམངས་ལ་ནི་རི་མོ་ཅི་རིགས་དང་། ཡང་ན་མིང་གཞིའི་ས་བོན་རེ་འོས་པར་གསུངས་སོ།།

བདུན་པ། དེང་དུས་ཡིག་གཟུགས་སྟེང་ཐམ་ག་གདབ་ལུགས།

    བོད་ལ་དེ་སྔ་ཡིག་གཟུགས་བརྩམས་ཆོས་ནི་འབྲི་བ་བོའི་སྒེར་ཐོབ་ཏུ་འབྲི་སྲོལ་མེད་པས་རྒྱ་ནག་ལྟར་ཡིག་གཟུགས་བརྩམས་ཆོས་རང་རྐྱ་བར་རིག་ཚན་དུ་བགོས་ནས་དེ་ལ་ཐམ་རྒྱག་རིག་གནས་དེ་འདྲ་མེད། རྒྱ་ནག་པས་བྲི་གཞིའི་གཡོན་ནས་ལུགས་ལྡོག་ཏུ་གཞུང་ལ་བྲིས་ཏེ་དབུར་ཁ་བྱང་། མཇུག་ཏུ་འབྲི་བ་བོའི་མིང་དང་བྲི་ཡུལ།ལུགས་རྙིང་ཟླ་ཚེས་ཀྱི་རྗེས་ཀྱི་ས་མིག་དཀར་ཆའི་ཆེ་ཆུང་ལ་གཞིགས་ཏེ་དཀར་ཆ་ཆེ་ན་ཐམ་རིང་དང་།དཀར་ཆ་ཆུང་ན་དམ་ཐུང་མ་གདབ་པ།ཡང་ན་བྲི་ཡུལ་དམིགས་བསལ་བ་ཡོད་ན་གོང་ཐམ་དང་། ཟླ་ཚེས་འོག་ཏུ་འོག་ཐམ་གདབ་པ། བྲི་ཡུལ་མེད་ན་འོག་ཐམ་གཅིག་པུ་གདབ་པས་འཐུས་ལ། དེ་ཡང་དཀར་ཆ་རང་ལ་གདབ་ཀྱི་ནག་ཆ་སྟེ་ཡིག་ཐོག་ཏུ་མི་གདབ་པ་ནི་སྤྱིའི་ཆ་ནས་གཏན་སྲོལ་ལྟ་བུར་ཆགས།

    དེང་དུས་བོད་ཀྱི་ཡིག་མཁན་རྣམས་ཀྱིས་རྒྱ་ལུགས་ལྟར་འགྲོ་ཐལ་ཆེ་བས་དེས་ན་གོང་ཞུས་བཞིན་བོད་ཀྱི་ཐམ་གའི་རིགས་དང་དབྱིབས། གདབ་སྲོལ་རྣམས་ངེས་པའི་ཐོག །དམིགས་བསལ་ཡིག་གཟུགས་ལ་དབུར་བཀྲ་ཤིས་པའི་རྟགས་བརྒྱད་གང་རུང་གི་རྟགས་ཐམ་ཡི་གེར་མ་གནོད་ཐོག་གདབ་པ་དང་། འོག་ཏུ་བྲི་ཡུལ་བྲི་མཁན་ཟླ་ཚེས་བཅས་ཀྱི་སྐབས་བྲི་ཡུལ་གོང་མ་ལ་འཕྲིན་ཡིག་རྣམ་བཞག་ལྟར་"ཞབས་དྲུང་དུ་གུས་ཕུལ་"ཞེས་པ་ལྟ་བུའི་"ཞབས་"དང་"གུས་"ཡིག་གང་རུང་ཐོག་རྟགས་ཐམ་གྱེན་ཐེལ་མི་བྱེད་པར་ཅུང་ཟད་དབུ་ཆུང་གི་ཕྱོགས་སུ་མགོ་བསྟན་ནས་གདབ་པ་ནི་གུས་པ་མཚོན་ཕྱིར་དང་། རང་མཉམ་ལ་མིང་དངོས་སུ་བྲིས་པའི་ཐོག་གམ་ཡང་ན་མ་བྲིས་ཀྱང་རུང་ལ། མཇུག་གི་"བྲིས་"དང་"བསྐུར་"ལྟ་བུའི་རྟགས་ཐེལ་གྱེན་ཐེལ་གདབ་པས་ཆོག་གོ། རང་ལས་དམའ་བ་ལ་"སྨྱུག་འཛིན་པ་ཆེ་གེ་མོ"ལྟ་བུའི་ཆེ་མིང་ཅུང་ཟད་དང་མཇུག་ཏུ་"ཟླ་ཚེས་ལ།"ལྟ་བུ་ཐད་བྲིས་བྱས་པའི་སྟེང་གྱེན་ཐེལ་བྱས་པས་འཐུས་སོ།།

བརྒྱད་པ། ཟླ་ཚེས་འགོད་སྟངས།

    ཟླ་ཚེས་ནི་སྦྱོར་བ། དངོས་གཞི། མཇུག་གསུམ་ལས་མཇུག་གི་རིམ་པའི་སྐབས་ཡིན་པས། དེ་ལ་དེ་སྔའི་གཞུང་གི་བཀའ་ཤོག་སོགས་སུ་"རྣམ་གནོན་ཞེས་པ་ལྕགས་འབྲུག་ནག་པ་ཟླ་བའི་གྲལ་ཚེས་དགེ་བར་" ཞེས་དང་། "ཟླ་བ་ཆུ་སྟོད་ཀྱི་ཉ་བའི་དཀར་ཚེས་དགའ་བ་གཉིས་པར་"ཞེས་པ་ལྟར་རབ་བྱུང་དང་འབྱུང་ཁམས། ཉི་ཟླའི་དཀར་དམར་གྱི་འཕེལ་འགྲིབ་ཀྱི་ཆ་ནས་འབྲི་བ་རྒྱུགས་ཆེ་མོད་བར་སྐབས་ཟླ་ཚེས་ལ་ཨང་ཡིག་བཀོད་པའང་ཡོད་དེ། མཁས་པ་མི་ཕམ་པས།  དེང་སང་རི་མོས་མཚོན་པར་བྱེད་པ་མང་སྟེ་བཤད་མ་ཐག་པའི་ཟླ་ཚེས་ལའང་རི་མོ་འདི་བཞིན་"༦ ༦"འབྲིའོ།། ཞེས་གསུངས་པ་ལྟར་རབ་བྱུང་སོགས་ལས་བརྩམས་ཏེ་འབྲི་བའམ་ཡང་ན་བོད་ཀྱི་གྲངས་ཡིག་ཅི་རིགས་བཀོལ་རུང་བ་ལས་ཨ་རབ་ཀྱི་ཨང་ཡིག་ནི་ཞྭ་དཔེ་ལྷམ་འགེབ་བྱེད་པ་རང་ལས་དོ་མི་མཉམ་པ་རྒན་མོའི་འཐེང་འགྲོས་ལྟ་བུར་འགྱུར་བས་དེ་ལྟར་མི་འགྱུར་བ་གལ་ཆེའོ།།

   ཞེས་བོད་ཀྱི་ཐམ་ཀ་དང་འབྲེལ་བའི་ཤེས་བྱ་ལོག་རྟོག་ངན་སེལ་སྣང་བྱེད་གསེར་གྱི་ཉི་མ་ཞེས་བྱ་བ་འདི་ནི་གྲོགས་སྦྲ་ནག་གི་ལས་དབང་གི་དྲི་ལན་ཙམ་དུ་གཙོས་ཤེས་རབ་རྒྱ་མཚོའམ་ཀུན་ཏུ་བཤད་པའི་སྒྲའི་མིང་ལ་མི་ཕམ་དབྱངས་ལྡན་སྙེམས་པའི་ལང་ཚོར་འབོད་པས་ཚུགས་ཐུབ་ཏུ་དཔྱད་དེ་ཆུ་སྟོད་ཟླ་བ་ཕྱི་མའི་གྲལ་ཚེས་བཞི་བར་རང་ཤག་ལྔ་རིག་ལྡིང་ཁང་ནས་ཕུལ་བ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག །