设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

དབུ་མེད་ཡིག་གཟུགས་ཀྱི་ཁྱད་ཆོས།

 二维码 1282
发表时间:2017-07-06 00:19作者:ཀྲ་ཐང་འཇམ་དཔལ་ཡེ་ཤེས་རྒྱལ་མཚན།来源:བརྡ་སྤྲོད་གཞུང་ལ་འཇུག་པའི་ཉམས་སྣང་།

དབུ་མེད་ཡིག་གཟུགས་ཀྱི་ཁྱད་ཆོས།

(ལྷན་ཐབས་ཀློག་བྱེད། 4)


ཀ་ཁ་བསླབས་པ་ཚུན་གྱི་དགེ་རྒན་རྣམས།།དྲིན་གཟོའི་སེམས་ཀྱིས་བཤེས་གཉེན་ལ་བསྟེན་ནས།།དབུ་སྨད་ཡི་གེའི་གཟུགས་ཀྱི་རི་མོ་ཡི།།འབྲི་ཚུལ་ཁྱད་པར་འགའ་ཞིག་འདི་ན་བཤད།།སྤྱིར་ན་ཀ་ཁ་ནས་བཟུང་འཁྱུག་གི་བར།།དཔངས་དང་ཞེང་ཚད་ཆེ་ནས་ཆུང་བ་རུ།།རིམ་པར་སྦྱངས་ཏེ་སྙོམས་ལེགས་ཡི་གེའི་གཟུགས།།འབྲི་བ་སྨྱུག་འཛིན་རྣམས་ཀྱི་བགྲོད་ལམ་ཉིད།།ཀ་སོགས་སོ་སོར་དཀར་ཆ་ནག་ཆ་ནི།།སྣ་ཚོགས་ཡིན་ཕྱིར་ཞེང་ཚད་དེ་བཞིན་འབྱུང་།།མགོ་ཐིག་སྦོ་ཐིག་ལ་སོགས་ཇི་ཙམ་པ།།དེ་ཙམ་ཡི་གེའི་དཔངས་ནི་འབྱུང་བར་འགྱུར།།ཨ་ལ་དཀར་ཆ་ནག་ཆ་བསྡོམས་པས་དགུ།།ཀ་ཁ་ག་ཆ་ཕ་མ་ཚ་ལ་ས།།བཅས་ནི་ཆ་ཤས་བདུན་གྱི་ཞེང་དང་ལྡན།།ཉ་ཐ་པ་བ་ན་ཝ་འ་ཤ་ས།།བཅས་ལ་དཀར་ནག་ཆ་ནི་ལྔ་དང་ལྡན།།ང་དང་ད་གཉིས་ཆ་གསུམ་ལྡན་པ་དང་།།ཅ་ཙ་གཉིས་ནི་དཀྱུས་འཐེན་ཆ་གསུམ་ལ།།མགོ་སྦོ་ཆ་གཉིས་བསྣན་པས་ཆ་ལྔ་ཡིན།།ཇ་ཛ་ཏ་གསུམ་གཞུང་ཤིང་འཁྱོག་པ་དང་།།ཟག་མཆུའི་ཕུབ་ཀྱི་བར་དང་ཚེག་ཐུང་བཅས།།བསྡོམས་ན་དཀར་ཆ་ནི་ལྔ་ཙམ་སྣང་།།ར་ཧ་གཡས་གཡོན་བར་གྱི་ཞེང་ཁ་ལ།།ཆ་ལྔའི་ཚད་ཙམ་ཡོད་ན་བདེ་བ་ལགས།།ནག་ཆ་སྨྱུ་གུའི་ཁ་ཡིས་ཁེབས་ཚོད་དང་།།དཀར་ཆ་སྟོང་པར་ལུས་པ་དེ་གཉིས་ནི།།ཀ་ཁའི་སྐབས་སུ་ནག་ཆུ་ཆེ་ཙམ་ཡང་།།ཚུགས་ཐུང་སྐབས་སུ་དཀར་ནག་མཉམ་པོས་འབྲི།།དེ་ནས་སྨྱུག་ཁ་ཕྲ་བས་ཉེར་ལེན་གྱིས།།དཀར་པོའི་ཆ་ནི་ནག་པོའི་ཆ་ལས་ལྷག།དེ་ལྟའི་ཚུལ་གྱིས་དཔངས་ཚད་དམའ་བ་ཡིས།།ཡིག་གཟུགས་ལེབ་མོར་སོང་བ་སྤྱི་ལུགས་ཡིན།།ད་དུང་སྣང་མེད་བྱ་བར་མི་རུང་བ།།འཁྱུག་ཡིག་ཕུད་པའི་དབུ་སྨད་གཟུགས་རིས་ལ།།དབྱངས་རྟགས་མིང་གཞིར་མཐུད་པ་མི་རུང་ཡང་།།ཞབས་ཀྱུའི་རིགས་ལ་མཐུད་དང་མ་མཐུད་གཉིས།།མཐུད་པ་ཀ་ཁ་ག་ཐ་ད་པ་ཕ།།བ་མ་ཡ་ར་ལ་ས་ཞབས་ཀྱུ་མཐུད།།ང་ཅ་ཆ་ཙ་ཚ་ཝ་ཨ་རྣམས་ལ།།མི་མཐུད་ཟ་འ་གཉིས་ནི་ཅི་རིགས་སྣང་།།དེ་ཡང་ཇ་ཉ་ཏ་ན་ཛ་ཞ་ར།།ཤ་ཧ་རྣམས་ནི་མཐུད་ཀྱང་ཚིགས་གུག་དགོས།།འཁྱུག་མ་ཚུགས་ནས་གི་གུ་གྱེན་དུ་སློངས།།མགོ་ཅན་ར་ས་གཉིས་ནི་ཚུགས་ཐུང་གི།།མཚམས་ནས་ཅུང་ཟད་ལེབ་མོས་བྲི་བར་བྱ།།ས་པ་བཏགས་ནི་ཡ་ལ་ཤ་ལག་ཅན།།ང་ཡིག་མགོ་ཅན་གསུམ་དང་ད་ན་ལོག  །ར་བཏགས་སྣེ་མོ་རྐང་ཐིག་བརྒལ་ཀྱང་ཆོག།ར་བཏགས་ཨུ་ལྡན་ཞབས་ཀྱུ་ཉིས་བརྩེགས་འདྲ།།ཡ་བཏགས་ཨུ་ལྡན་ཡ་བཏགས་མངོན་ཙམ་ཡིན།།ཨུ་ལྡན་ཤ་ནི་བ་འོག་ཞབས་ཀྱུ་སྟེ།།གུག་ཉག་ཅན་གྱི་འབྲི་སྲོལ་ཡོངས་སུ་ཁྱབ།།ད་ཡིག་མགོ་ཅན་ད་ལ་གུག་ཆ་འབྱུང་།།ལ་མགོ་ས་མགོའི་ཏ་ཡི་ཟག་མཆུ་ནི།།སྣེ་མོ་བཀུག་དགོས་ར་མགོ་དེ་ལས་ལྡོག  །བ་ཡིག་འཕུལ་དང་མིང་གཞིར་གཡོན་ཟུར་ནི།།ཅུང་ཟད་འཇོལ་ཡང་མིང་མཐར་དེ་ལྟར་མིན།།དེ་སོགས་དབུ་སྨད་འབྲི་བའི་དམིགས་བསལ་རྣམས།།ཐུགས་སྣང་མི་མཛད་ལོང་བས་ལོང་ཁྲིད་བཞིན།།འགྱུར་ན་ཕྱིས་རབས་རྣམས་ལ་ལྷག་པར་གནོད།།དེ་ཕྱིར་འཁྱུག་ཡིག་ལས་གཞན་དབུ་སྨད་ཀྱི།།ཁྱད་ཆོས་ལམ་ཙམ་ཁོ་བོས་བསྡུས་ཏེ་སྤེལ།  



རྩོམ་ཁུངས།

དཔེ་མིང་། བརྡ་སྤྲོད་གཞུང་ལ་འཇུག་པའི་ཉམས་སྣང་།

དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ ༼ ༡༩༩༧ལོར་པར་དུ་བསྐྲུན།༽

རྩོམ་པ་བོ། བཀྲ་ཐང་འཇམ་དཔལ་ཡེ་ཤེས་རྒྱལ་མཚན།



རྩོམ་སྒྲིག་པ། སྟག་ཐར་དང་ཧེ་རམ་པ།