设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཡིག་གཟུགས་ཀྱི་གནད་གསལ་བར་སྟོན་པ་གཞོན་ནུའི་མཛུབ་རྒྱན།

 二维码 363
发表时间:2017-07-04 00:50作者:ཀྲ་ཐང་འཇམ་དཔལ་ཡེ་ཤེས་རྒྱལ་མཚན།རྩོམ་སྒྲིག་པ།སྟག་ཐར།来源:བརྡ་སྤྲོད་གཞུང་ལ་འཇུག་པའི་ཉམས་སྣང་།

ཡིག་གཟུགས་ཀྱི་གནད་གསལ་བར་སྟོན་པ་གཞོན་ནུའི་མཛུབ་རྒྱན།

(ལྷན་ཐབས་ཀློག་བྱེད།3)


   དུས་གསུམ་མཁས་དབང་རྣམས་ལ་གུས་བཏུད་ནས། །ཡིག་གཟུགས་འབྲི་ལ་མཁོ་བ་ཅུང་ཟད་བཤད། །མཚོན་བྱེད་གཟུགས་དང་མཚོན་བྱ་ཡི་གེའི་གཟུགས། །ཕན་ཚུན་བརྟེན་པ་བོད་ཀྱི་ཡི་གེའི་ལམ། །བཀའ་ཡིས་བཅད་ཅིང་ཀུན་གྱིས་ཁས་བླངས་པ། །ཐ་སྙད་ཡི་གེར་བཏགས་པའི་གདགས་གཞི་ལགས། །དེ་ཡང་སྣ་ཚོགས་དབྱིབས་སུ་མ་གྲུབ་ན། །ཡིད་ཀྱི་མེ་ལོང་ངོས་སུ་ཅི་ཞིག་འཆར། །གཞུང་ལུགས་ད་བར་མ་ཉམས་གང་གིས་བཟུང་། །ཕྱི་རབས་རྣམས་ལ་ལག་རྗེས་གང་ཞིག་གཞག  ། ཐག་རིང་སྙིང་གི་བུ་ལ་ཅི་ཞིག་གླེང་། །དེ་ཕྱིར་ཁྱད་དུ་འཕགས་པ་ཡིག་གཟུགས་ཏེ། །དོན་རྣམས་གསལ་ལ་མ་འཁྲུལ་རིང་དུ་གནས། །ཁྱབ་པར་བྱེད་ཅིང་ཡོན་ཏན་ལེན་དང་སྤེལ། །ཡིད་རྟོན་ཚད་མར་འཛིན་པའི་ཁུངས་དང་ལུང་། །འདི་ཉིད་ཡིན་པས་ཡིག་གཟུགས་ཤིན་ཏུ་གཅེས། །

   ཡི་གེ་འབྲི་བར་མཐུན་རྐྱེན་ལྔ་དགོས་ཏེ། །འབྲི་མཁན་སྐྱེས་བུ་ཀུན་ལ་དབར་བའི་རྐྱེན། །འབྲི་བྱེད་སྣག་སྨྱུག་མེད་ཐབས་མེད་པའི་རྐྱེན། །བྲི་བྱའི་ཡིག་གཟུགས་ཁུངས་སུ་འཛིན་པའི་རྐྱེན། །འབྲི་ཡུལ་དག་ནི་ཆེད་དུ་བྱ་བའི་རྐྱེན། །འབྲི་བའི་ཚུལ་ནི་བྱ་བ་ཐབས་ཀྱི་རྐྱེན། །དེ་དག་འཛོམས་ཚེ་དག་བྱེད་ཤེས་པའི་མིས། །བྲི་བའི་ལས་ལ་ཐོགས་པ་མེད་པར་འཇུག  །གཟུགས་སྤྱིའི་བཤད་པ་སྟེ་གནས་དང་པོའོ།  །

   དབུ་ཆེན་གཟུགས་ལ་རབ་འབྲིང་ཐ་གསུམ་གྱིས། །སྤྱི་ལ་གལ་ཆེན་མ་ཆོས་ཉེར་གཅིག་དང་། །བུ་ཆོས་བཅུ་དྲུག་སྤྱི་ཆོས་གསུམ་ལ་སོགས། །དབྱེ་ཚུལ་སྔ་རབས་ཤུལ་དུ་མཇལ་བ་ལས། །འདི་ན་རབ་ཀྱི་ཆོས་རྣམས་དཔེ་ཙམ་དགོད། །

   མགོ་རབ་ཀ་བའི་ཀ་གཞུ་འདྲ། །དཔུང་རབ་རྡོ་རྗེ་ཐུགས་འཛིན་འདྲ། །སྦོ་རབ་ཟླ་བ་ཚེས་པ་འདྲ། །ཟག་མཆུ་སེག་སྦྱོར་ཐུར་རྣོ་རབ། །རྐང་རབ་བྱ་ཡི་སྒྲོ་ལྕགས་འདྲ། །མིག་རབ་ཉ་ཡི་མིག་དང་མཚུངས། །དེ་རྣམས་མ་ཆོས་ལས་བཏུས་སོ། །ན་རོ་གཉིས་ཆོད་འཛོམས་དང་མཉམ། །འགྲེང་བུ་སེག་གཞོལ་སྟོད་སྨད་ཕྱེ། །གི་གུ་ཟླུམ་འདྲིས་འཁྱུག་པ་གསུམ། །ཞབས་ཀྱུ་སྦུག་ལ་གྱེན་དུ་རྣོ། །ཡ་བཏགས་རབ་ནི་ལྷ་ཡི་སྤྱན། །བཏགས་སེན་མོའི་རྗེས་དང་འདྲ། །དེ་ཡང་རྐང་ཚད་མཉམ་པར་བྲིས། །དེ་རྣམས་བུ་ཆོས་ཁུངས་སུ་བགྲངས། །གཟུགས་ཉིད་དཀྱུས་སུ་མ་ཤོར་དང་། །དཀྱུས་ཉིད་ཚད་དང་ལྡན་པ་དང་། །གཟུགས་དཀྱུས་བཤན་ཕྱེད་རིང་ཐུང་སྙོམས། །དེ་གསུམ་སྤྱི་ཆོས་ཡིན་པར་གསུངས། །

  དེ་ལྟར་སྲོལ་ལམ་མ་ཉམས་གོ་རིམ་བཞིན། །ལེ་ལོ་གཡེང་བ་སྤངས་ཏེ་ཡང་ཡང་དུ། །སྙོམས་ལེགས་ཀ་དཔེར་བརྟེན་ཅིང་སྦྱང་འགྱུར་ན། །བློ་གསར་དོན་གཉེར་ཅན་ལ་མཆོག་ཏུ་དགེ། །གཞན་ཡང་མཛུབ་མོའི་རྐྱང་གཉིས་བསྐུམ་གསུམ་དང་། །མིག་དང་རོ་སྟོད་སྒྲེང་བ་ཉེ་རིང་སོགས། །གཟབ་གཤར་གང་ལའང་འཕྲོད་བསྟེན་མཐུན་པ་ཞིག  །གོམས་འདྲིས་འགྱུར་ན་སྐུ་ཚེ་ཧྲིལ་བུར་ཕན། །དབུ་ཆེན་འབྲི་བའི་བཤད་པ་སྟེ་གནས་གཉིས་པའོ། །

   དབུ་སྨད་འབྲི་ལ་ཐོག་མར་རུས་པ་ཐིག  །བར་དུ་ཤ་ཉམས་མཐའ་མར་མཛེས་ཉམས་བཅས། །གལ་པོ་ཆེ་ཡི་ཚུལ་གསུམ་མ་བསླབ་པར། །འདྲ་ཆགས་གཟུགས་རིས་ཕྱག་རྩེར་སོན་ཐབས་བྲལ། །དེ་ཡང་རུས་པ་ཐིག་གི་རྣམ་བཞག་ལས། །ཡི་གེའི་དཔངས་ཚད་ཇི་བཞིན་ཤེས་དགོས་ཏེ། །ཀ་ཁ་ནས་བཟུང་ཐིག་རིས་མ་སྤངས་པར། །ཆ་རུ་བགོས་ཏེ་མང་ལས་ཉུང་དུ་འཕྲི། །དཔེར་ན་ཀ་ཁར་སོར་ཆ་དྲུག་ཡིན་ན། །དེ་ནས་རིམ་པར་ཆེ་རེ་འདོརྭ་བྱ་ཞིང། །ཡིག་གཟུགས་རིམ་པས་ཆུང་དུ་འགྲོ་བ་ཡིན། །ཀ་ཁ་ཟློས་ཧྲལ་ཡ་བཏགས་ར་བཏགས་དང་། །ཚུགས་རིང་བཅས་པར་ཐིག་རྐང་བཞི་རེ་སྟེ། །མགོ་ཐིག་དཀྱིལ་ཐིག་སྦོ་ཐིག་རྐང་ཐིག་ཅེས། །སོར་གསུམ་ལུས་དང་སོར་བཞི་རྐང་པར་བཞག  །སྔ་སྲོལ་ཡིན་ཡང་དེ་འདྲ་རང་སྤྲོས་ན། །བུ་ཆུང་ཡིག་རྐང་འཐེན་པར་དུས་ཚོད་ཟད། །སྣག་དང་ཤོག་བུས་ཨ་མའི་ཕྱག་ཁུག་སྟོངས། །དེས་ན་ཆ་གཉིས་བགོས་ན་མི་ལེགས་སམ། །ཚུགས་ཐུང་འབྲི་སྐབས་མགོ་བོ་རྐང་གསུམ་ལས། །དཀྱིལ་ཐིག་མ་དགོས་མིག་ཚོད་རན་པོས་བྲིས། །ཚུགས་མ་འཁྱུག་ནས་མགོ་ཐིག་ཁོ་ན་སྟེ། །རིམ་གྱིས་འབྱོངས་ན་ཐིག་ཀྱང་བསྐྱུར་བས་ཆོག  །

   གཉིས་པ་རུས་ལ་ཤ་ཉམས་བཏོན་ཅེས་པ། །སྨྱུ་གཱ་ཁ་ཡིས་ཁེབས་པའི་ནག་ཆ་དང་། །སྟོང་པར་ལུས་པའི་དཀརཆ་གཉིས་པོ་ལས། །ཡི་གེའི་གཟུགས་ཀྱི་ཞེང་ཚད་རྟོགས་འགྱུར་ཏེ། །ནག་ཆ་དཀར་ཆ་གཤིབ་པ་མང་ཉུང་གིས། །ཡི་གེ་སུམ་ཅུའི་ཞེང་གི་བྱེ་བྲག་དབྱེ། །ཨ་ཡི་ཞེང་ཚད་ཆ་དགུ་ལྡན་པ་དང་། །ཀ་ཁ་ག་ཆ་ཕ་མ་ཚ་ལ་ཡ། །དགུ་ནི་ཞེང་གི་ཆ་ཚད་བདུན་དུ་ངེས། །ཉ་ཐ་ན་པ་བ་ཝ་འ་ཤ་ས། །དགུ་ལ་ཞེང་གི་ཆེ་ཆུང་ཆ་ཚད་ལྔ། །ད་དང་ང་གཉིས་ཞེང་དུ་ཆ་གསུམ་ཡོད། །ཙ་ཚ་ཟ་གསུམ་དཀྱུས་འཐེན་ཆ་གསུམ་ལ། །མགོ་སྦོ་ཆ་གཉིས་བསྣན་པ་ཆ་ལྔ་ཡིན། །ཇ་ཛ་ཏ་གསུམ་གཞུང་ཤིང་འཁྱོག་པ་དང་། །ཟག་མཆུའི་ཕུབ་ཀྱི་གུར་དང་ཚེག་ཐུང་བཅས། །ཞེང་གི་ཚད་ནི་ཆ་ལྔ་དག་དང་མཚུངས། །ར་ཧའི་གཡས་གཡོན་བར་ལ་ཆ་གསུམ་དང་། །ཚེག་དང་དཀར་ཆ་བསྡོམས་ཏེ་ཆ་ལྔ་ཡིན། །ཁ་ཞེང་རིམ་པར་ཆུང་ན་ཆ་ཡང་ཆུང་། །ཐོག་མར་དཀྱུས་སུ་རིང་བར་ཡོད་པ་ནས། །རིམ་གྱིས་ཕྲེད་དུ་ལེབ་མོར་འགྱུར་འགྲོ་བ། །ཤ་ཉམས་ལེགས་པར་ཐོན་པའི་གོ་རིམ་ལ། །སྨྱུག་འཛིན་འདོད་པས་ནན་དུ་སྦྱོངས་བར་རིགས། །

   གསུམ་པ་ཤ་ལ་མཛེས་ཉམས་འདོན་པའི་ཐབས། །ན་ཆུང་བྱད་བཞིན་བཀྲུས་པས་དག་ཅིང་གཙང་། །རྒྱན་དང་གོས་གསར་བཀླུབས་པས་མཛེས་པ་བཞིན། །འབྲི་བའི་སྐྱོན་ནི་སྤོངས་ལ་ཡོན་ཏན་སློབས། །ནས་འབྲུའི་མགོ་བོ་འདྲ་བ་ལེབ་མོར་སོང་ན་སྐྱོན། །ཕྲེད་དུ་མགོ་གྲ་མ་སྙོམས་མཐོ་དམའ་ཤོར་ན་སྐྱོན། །ནག་ཆ་ཚད་ལས་བརྒལ་ཏེ་ནག་ནོག་གྱུར་ན་སྐྱོན། །དཀར་བའི་སྟོང་ཆ་མ་གཅིག་ཆེ་ཆུང་ཤོར་ན་སྐྱོན། །ཕྲ་སྦོམ་དགོས་སར་མ་ཐོན་དབྱུག་པ་ས་དྲུད་སྐྱོན། །སྦོ་ཐིག་ནང་དུ་མ་ཚུད་འཇོལ་རིང་སོང་ན་སྐྱོན། །རྐང་པ་སྲོང་པོ་མིན་པར་ནང་དུ་འཁྱོག་ན་སྐྱོན། །དཀྱུས་འཐེན་ཕྲེད་ལ་ཤོར་ཏེ་རང་ས་བརྒལ་ན་སྐྱོན། །སྒྲོམ་བུའི་ཟུར་ཆ་མ་དོད་སྒོར་སྒོར་བྲིས་པ་སྐྱོན། །ཚེག་གིས་སྦོ་ཐིག་མ་ནོན་གཟུགས་ལས་ཐུང་ན་སྐྱོན། །བརྩེགས་པ་ལྕི་ཡང་མ་སྙོམས་མགོ་ཆེ་མགོ་ཆུང་ནོར། །འདོགས་པ་རང་བཞིན་མ་ལྡེམ་ཧྲེང་པོར་སོང་ན་སྐྱོན། །ལག་གི་མཉེན་ཆ་མ་དོད་སྦྲུལ་མཇུག་འདྲ་བ་སྐྱོན། །དབྱངས་གནས་རན་པར་མ་སྦྱར་ཁ་ཐོར་སོང་བའི་སྐྱོན། །དེ་དག་ལ་སོགས་སྐྱོན་ནི་སྤངས་པའི་ཚེ། །སྙོམས་ལེགས་གཟུགས་ཀྱི་མཛེས་མ་བྱོན་ནས་ནི། །རང་ཡང་བྲི་འདོད་གཞན་ཡང་བལྟ་འདོད་པའི། །སྨྱུག་འཛིན་དབང་པོའི་འཕྲིན་ལས་འགྲུབ་པར་འགྱུར། །   ། །




རྩོམ་ཁུངས།

དཔེ་མིང་། བརྡ་སྤྲོད་གཞུང་ལ་འཇུག་པའི་ཉམས་སྣང་།

དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ ༼ ༡༩༩༧ལོར་པར་དུ་བསྐྲུན།༽

རྩོམ་པ་བོ། བཀྲ་ཐང་འཇམ་དཔལ་ཡེ་ཤེས་རྒྱལ་མཚན།



རྩོམ་སྒྲིག་པ། སྟག་ཐར་དང་ཧེ་རམ་པ།