སྨྱུ་གུ་བཟོ་ཐབས།
2017-05-17 01:27来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:དཔའ་རིས་སངས་རྒྱས།浏览数:614 

སྨྱུ་གུ་བཟོ་ཐབས།


        ལས་ཕྱོད་ཆེ་བ་ཡོ་བྱད་བཟང་བའི་དྲིན། །བྲི་ལ་མཁས་མིན་སྨྱུ་གུར་འབྲེལ་བ་ཆེ། །སྨྱུ་གུ་གཞོག་པར་ཁམ་རྫིང་ཡུར་གསུམ་གཙོ། །བཟོ་གནས་ལེགས་ཉེས་གྲི་ལ་རག་པ་ཡིན། །ཞེས་པ་ལྟར།  སྨྱུག་འགྲོས་སྐྱོད་ལམ་དུ་སྣག་ཆུ་ཇི་བཞིན་འབབ་མི་འབབ་སྣག་ཆུའི་སྐ་སླའམ་དྭངས་སྙིགས་ལ་ཐུག་པ་དང་།ཡིག་གཟུགས་ཇི་འདོད་དུ་འོང་མི་འོང་འབྲི་རྩལ་འབྱོངས་མིན་ལ་ཐུག་ཡོད་པར་མ་ཟད།  སྨྱུ་གུ་ལའང་འབྲེལ་བ་ཆེ་སྟེ།  སྨྱུ་གུ་ངན་པས་བྲིས་པ་ལ། །ཡིག་གཟུགས་ཐོན་ཀྱང་མཛེས་པས་དབེན། །རྟ་ཕོ་འགྲོས་དང་མི་ལྡན་ན། །མགྱོགས་ལ་མི་འདུར་བང་རྒྱུག་འདྲ། །ལས་ཕྱོད་ཆེ་འདོད་ན་ཡོ་བྱད་བཟང་པོ་དགོས་ཟེར་བ་ལྟར་སྨྱུ་གུ་གཞོག་པར་མཁས་དགོས།  དེ་ཡང་བྲི་བྱ་གཏོས་ཆེ་བ་ལ་ལྕགས་སྨྱུག་བཟང་སྟེ།  སྨྱུག་ཁ་འཛད་དལ་བའི་ཕྱིར།  གསེར་དངུལ་དག་རིན་པོ་ཆེའི་རྩི་ཡི་བྲི་བ་ལ།  བོད་པིར་བཟང་སྟེ།  སྤུ་ཉུང་ལ་ཐུང་བ་སྙུང་བུ་འདྲ། །འབྲི་རྫས་བསྲིས་ཤིང་རྒྱུག་པའི་ཕྱིར།  པིར་དང་ལྕགས་སྨྱུག་ཆེད་དུ་བཟོ་དགོས་ལ་སྟབས་བདེ་མིན་པས།  སྨྱུ་གུའི་རྒྱུ་ཕལ་ཆེར་ཤིང་དང་།  ཤིང་ལས་གཙོ་ཆེར་སྨྱུག་མས་བྱས་པ་ཡིན།  སྨྱུ་གུ་བཟོ་ཚུལ་བཤད་ན།  སྨྱུ་གུ་གཞོག་བྱའི་སྨྱུག་མ་དུད་ཁུང་ཁར་བཏགས་ནས་དུ་བ་སིམས་ནས་སྲ་ཆགས་ཚེ།སྨྱུ་གུར་བཞོགས།  དེ་ལ་རྐང་མར་རྙིང་བ་བྱུག   ཡོས་ཚན་ནང་བཅུག་འཇམ་གྱིས་ཕྱི། །རུས་པ་ལྟ་བུར་མཁྲེགས་པར་གྱུར། །ཞེས་ཤེས་བྱ་ཀུན་ཁྱབ་ལས་གསུངས།  ཡང་ན་ལེགས་པར་ཞོགས་ཚེ།  སྣུམ་ཁོལ་བའི་ནང་དུ་སྨྱུག་རྩེ་བསིབས་ནས་ཕྱི་ཡག་བྱས་ན།  སྲ་ཆགས་ཤིང་གས་སིལ་མི་འབྱུང་རྒྱུག་པར་བཤད།  སྨྱུ་གུ་བཞོགས་པ་བཟང་ངན་གྲི་ལ་ཐུག་ཡོད།  ཤེས་བྱ་ཀུན་ཁྱབ་ལས།  བཟོ་གནས་ལེགས་ཉེས་གྲི་ལ་རག   ལྕགས་རིགས་བཟང་ཞིང་ཞུན་ཐར་ཐོན། །རྣོ་མཉེན་ངར་གསུམ་འཛོམས་པའི་གྲི། །རྩེ་དང་སོ་རྣོ་དྲང་བགས་གཞོལ། །ལྟག་པ་དྲང་ཞིང་སྲབ་པ་ནི། །རྡར་རྡོ་སྲ་མཉེན་རན་པ་ལ། །ཕྱི་ལ་ཁལ་གསུམ་ནང་དུ་དྲུག  །བརྡར་པའི་རྣོ་ཚོད་སྤུ་ཞོགས་ནུས། །ཞེས་གསུངས་པ་ལྟར་རོ། །སྨྱུ་གུ་རིང་ཐུང་མཐོ་ཙམ་དང་སྦོམ་ཕྲ་རན་དགོས།  སྨྱུ་གུ་གཞོག་པའི་གནད་ཀ་ནི། ཁམ་རྫིང་ཡུར་གསུམ་ཡིན་ཏེ།  རྩེ་སོར་ཕྱེད་གཉིས་གཞལ་བའི་སར། །སུམ་གཉིས་རྫིང་ལ་སུམ་གཅིག་མཆུ། །ཞེས་པ་ལྟར།སྨྱུག་ཁམ་ཆེ་ཆུང་ཡིག་གཟུགས་ཕྲ་རགས་ཇི་འདོད་ལྟར་བྱ།  འབྲི་བྱེད་ལཉྫ་ཝརྟུ་གཉིས་ལ་སྨྱུག་ཁམ་གཡས་གསེག་ཆེ་ཙམ་སྟེ།  གོང་ནས་ཁམ་ཚད་ཀྱི་ཉིས་ཆ་གཅིག་ནས་གཡས་ལ་བསེགས་ཤིང་འོག་གི་ཟུར་ཁར་ཐུག  དབུ་མེད་ལ་གཡས་གསེག་ཆུང་ཙམ་སྟེ།  གོང་ནས་ཁམ་ཚད་ཀྱི་སུམ་ཆ་གཅིག་ནས་གཡས་ལ་བསེགས་ཤིང་འོག་གི་ཟུར་ཁར་ཐུག  དབུ་ཅན་ལ་གཡོན་གསེག་ཆུང་ཙམ་སྟེ།  འོག་ནས་ཁམ་ཚད་ཀྱི་སུམ་ཆ་གཅིག་ནས་གཡས་བསེགས་གོང་གི་ཟུར་ཁར་ཐུག  དེ་དག་གི་བཅད་ཁ་རབ་ཏུ་མཉམ་དགོས།  རྐོང་འབུར་བྱུང་ན།སྨྱུག་ཁམ་འབུར་ས་མ་གཏོགས་ཀོང་སར་སྣག་ཚ་ལེགས་པར་མི་འབབ།  སྒོས་སུ་ཟུར་ཁ་གཉིས་མཉམ་པ་གལ་ཆེ།  སྨྱུ་གུ་གཞོག་ཚེ་རྩི་ཤུན་ཞོག་ལ་ནང་ལོགས་གཞོག  སྨྱུག་རྫིང་རན་ཚོད་ཀྱིས་ཟབ་པར་བྱས་ན་སྣག་ཆུ་འཛིན་པ་ཅུང་མང་བས།  བསིབ་ཚད་རེ་ལ་ཡི་གེ་དགའ་ཟད་འབྲི་ཐུབ།  སྨྱུག་རྫིང་གི་ཁུག་ནས་རྩེ་ཁར་རིམ་གྱིས་ཇེ་སྲབ་ཏུ་བྱས་ན།  སྨྱུག་ཁས་སྲ་ཟིན།  སྣག་ཆུ་གཤེར་བ་དང་།  དལ་བུར་བྲི་བ་ལ་ཡུར་ཁ་དམ་ན་སྣག་ཆུ་མི་འདལ་བར་ཕན།སྣག་ཆུ་ནུར་བ་དང་།  མགྱོགས་པར་བྲི་བ་ལ་ཡུར་ཁ་ཅུང་ཟད་ལྷོད་ན་སྣག་ཆུ་རྒྱུག་པར་ཕན།  མཐེབ་མཛུབ་ཀྱི་འཛིན་ས་ཟླུམ་ཞིང་འཇམ་ན་སྨྱུག་ཁ་བསྐོར་བདེ།  སྨྱུག་རྟིང་འཛིག་འཛིག་བྱས་ན་མགོ་རྟིང་ལྕི་ཡང་མཉམ་པས་སྨྱུག་རྐང་འཛིན་བདེ།

         ཇི་སྐད་དུ།  སྨྱུ་གུ་གཞོག་པར་མཁས་གྱུར་ན། །ཡི་གེའི་བྲི་ལ་མཁས་པར་བཤད།  འདི་ནི་ཡིག་མཁན་རྣམས་ཀྱི་མྱོང་གྲུབ་ཡིན་ནོ།

         སྨྱུ་གུའི་ལྷ་མོ་བཏུང་བར་དགའ།

         དཀར་ཡག་ཐང་དུ་རླུང་ལས་མྱུར།

         ཡུལ་དང་དུས་ཀྱིས་མི་འགག་པའི།

         ལེགས་བཤད་གསུང་བ་ཁྱོད་མིན་སུ།



   བརྟག་པ་དང་སྦྱང་བ།

  དང་པོ།  སྨྱུ་གུ་གཞོག་པའི་གནད་གསུམ་གང་གང་ཡིན།  ཇི་ལྟར་བྱ།

  གཉིས་པ། སྨྱུག་ཁམ་སྲ་ཆགས་པར་ཐབས་ཅི་ཡོད།

  གསུམ་པ། སྨྱུ་གུ་བཟོ་ཐབས་དང་ཡི་གེའི་གཟུགས་ཉམས་བར་འབྲེལ་བ་

        ཅི་ཡོད།

会员登录
登录
我的资料
留言
回到顶部