འབྲོག་རུ་བ་ལྷ་འབུམ་ཡག་ངོ་སྤྲོད་མདོར་བསྡུས།
འབྲོག་རུ་བ་ལྷ་འབུམ་ཡག གཡུ་ལྗང་ཞེས་ཀྱང་འབོད། ༡༩༨༦ལོར་མདོ་སྨད་མང་རྫོང་གི་སྨད་གཞིའི་འབྲོག་རུ་གོང་མར་སྐྱེས། གོ་ལྔ་ལོ་ནས་རིམ་བཞིན་ཤ་རྒྱ་སློབ་ཆུང་དང་མང་རྫོང་མགོ་མང་གྲོང་བརྡལ་དཀྱིལ་སྙིང་སློབ་གྲྭ མང་རྫོང་རྩྭ་ལས་ཀུང་ཟིའི་བོད་ཡིག་སློབ་འབྲིང་། མང་རྫོང་མི་རིགས་སློབ་འབྲིང་སོགས་སུ་མཐོ་འབྲིང་གི་ལོ་རིམ་གཉིས་པའི་བར་སློབ་སྦྱོང་བྱས་ཤིང་མུ་མཐུད་དུ་ཤེས་རིག་གི་མཚོ་འཇིངས་ཉུལ་བའི་སྐལ་བ་མ་ལྡན། ཡིན་ནའང་ཤེས་རིག་ལ་དུངས་བའི་དབང་གིས་དགེ་རྒན་གྱི་མཛུབ་སྟོན་མེད་པའི་ཁོར་ཡུག་སྐྱ་བོའི་ལས་ལ་ཤི་འཐམ་རོ་འཐམ་བྱས་ཏེ་རང་སྦྱོང་གི་ལམ་དུ་ཞུགས་ཤིང་། སྔ་ཕྱིར་༼ སྦྲང་ཆར༽ དང༼ ཟླ་ཟེར༽ ༼ བོད་ལྗོངས་གཞོན་ནུའི་ཚགས་པར ༽ ༼ བོད་ལྗོངས་ཉིན་རེའི་ཚགས་པར༽ ༼ མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར ༽ སོགས་གཞུང་སྒེར་གཉིས་ཀྱི་དུས་དེབ་དང་ཚགས་པར། གཞན་ཡང་བོད་ལྗོངས་ཆ་འཕྲིན། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ། ཡོངས་འཛིན་བོད་ཡིག་འཚོལ་བཤེར་དྲ་བ། མཚོ་སྔོན་བོད་སྐད་དྲ་ལམ་རྒྱར་སྒྲོག་བརྙན་འཕྲིན་དྲ་བ། ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གི་དྲ་བ། བོད་ཀྱི་ཡིག་གཟུགས་འཕྲིན་སྟེགས། མཚོ་ལྷོ་བོད་ཀྱི་ཡིག་གཟུགས་འཕྲིན་སྟེགས། གནས་མཆོག་རྫས་ཚའི་འཕྲིན་སྟེགས། བོང་སྟག་རྩོམ་རིག་འཕྲིན་སྟེགས་སོགས་སུ་ཡིག་གཟུགས་དང་སྙན་ངག ལྷུག་རྩོམ། སྒྲུང་ཐུང་སོགས་རེ་འགའ་བཀོད་མྱོང་། དེ་མིན་སློབ་གྲྭར་ཡོད་དུས་ཡིག་གཟུགས་དང་རྩོམ་ཡིག་འགྲན་བསྡུར་ཁ་ཤས་ལ་ཞུགས་མྱོང་བ་མ་ཟད་བྱ་དགའ་ཡང་རེ་འགའ་ཐོབ་མྱོང་པ་དང་ ༢༠༡༧ལོར་མགོ་མང་གྲོང་རྡལ་གྱི་རྒྱལ་བཤེར་བསུ་བའི་བྱ་འགུལ་ཁྲོད་བོད་ཡིག་ཡིག་གཟུགས་ཀྱི་བྱ་དགའ་ཐོབ་མྱོང་། ད་ལྟ་མང་རྫོང་མི་རིགས་ཡིག་རིས་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་དང་བོད་ཀྱི་དམངས་ཁྲོད་རྩོམ་རིག་དུས་དེབ་༼དུང་བརྡ༽ཡི་རྩོམ་སྒྲིག་པ། མང་རྫོང་མགོ་མང་གྲོང་བརྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱི་དྲུང་ཡིག་བཅས་ཀྱི་འགན་ཁུར་ཡོད།
|