收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ད་ཁུལ་སོ་སོ་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་དང་པོ་བསུས་པ།

 二维码 233
发表时间:2017-05-01 15:54作者:བོད་ཀྱི་ཡིག་གཟུགས་དུས་ཆེན་ལས་སྒྲུབ་ཁང་།来源:བོད་ཀྱི་ཡིག་གཟུགས་དྲ་བ།

༄༅། །བོད་ཁུལ་སོ་སོ་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་དང་པོ་བསུས་པ།


ལྗོངས་ཞིང་ལྔའི་བོད་ཀྱི་ས་ཁུལ་སོ་སོ་ནས་"རྒྱལ་ཡོངས་སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་དུས་ཆེན་"བསུ་བའི་གསར་འགྱུར་གནད་བསྡུས།


    སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་དུས་ཆེན་ནི་"བོད་ཀྱི་ཡིག་གཟུགས་དུས་ཆེན་གྲ་སྒྲིག་ཚོགས་ཆུང་"གི་ཚོགས་མི་ཡོངས་ཀྱིས་ལོ་ངོ་གཉིས་ཙམ་ལ་འབད་པ་བྱས་པའི་འབྲས་བུར་༢༠༡༧ལོའི་སྤྱི་ཟླ་༤པའི་ཚེས་༡༦ཉིན་མཚོ་སྔོན་མི་རིགས་སློབ་ཆེན་ནས་"རྒྱལ་ཡོངས་སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་"བསྡུས་ཏེ། ཚོགས་ཆེན་ཐོག་ལྗོངས་ཞིང་ལྔའི་བྲིས་པ་བདུན་ཅུ་ལྷག་གིས་དུས་ཆེན་གྱི་མིང་དང་ཟླ་ཚེས་གཏན་འབེབས་གནང་བའི་རྗེས་ཀྱི་སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་དུས་ཆེན་ཡིན་ལ། ཐེངས་འདིའི་ཡིག་གཟུགས་དུས་ཆེན་ཉིན་ལྗོངས་ཞིང་ལྔའི་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་དགོན་སྡེ་སོ་སོ། སྤྱི་ཚོགས་ལས་རིགས་མི་འདྲ་བ་ཁག་གི་སྒེར་དང་ཚོགས་པ་སྣ་ཚོགས་ནས་ཚ་ཚ་འུར་འུར་གྱིས་ཡིག་གཟུགས་དུས་ཆེན་གྱི་བྱ་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ།

   ད་ལྟའི་བར་གནས་ཚུལ་འབྱོར་བ་ལྟར་ན་ཐེངས་འདིར།  ༧བོད་ལྗོངས་ཆབ་མདོའི་ཁ་རུབ་དམའ་འབྲིང་དང་པོ།  ལྷོ་ཁ་ས་ཁུལ། གྲ་ནང་རྫོང་སྨིན་གྲོལ་གླིང་། བསམ་ཡས་དགོན། རྒྱ་ཚ་རྫོང་།  མངའ་རིས་ས་ཁུལ་རུ་ཐོག་རྫོང་རུ་ཐོག་གྲོང་ཚོ་ལྷུན་གྲུབ་ཆོས་ལྡིང་དགོན། འཕན་པོ་ནཱ་ལེནྡྲ།  གཞིས་རྩེ་གྲོང་ཁྱེར་དིང་རིང་རྫོང་ཆུ་སྟེང་ཤང་ལྟེ་བའི་སློབ་ཆུང་དང་།  གཞིས་རྩེ་མཐོང་སྨོན་རྫོང་།  ལྷ་རྩེ་རྫོང་།  ལྷ་ས་གྲོང་ཁྱེར་ཐལ་སྤུངས་སྒང་སྐད་གསུམ་སྔོན་འགྲོའི་འཛིན་གྲྭ་དང་། འོ་བརྒྱལ་ཐང་སྐད་གསུམ་སྔོན་འགྲོའི་སློབ་གྲྭ། བོད་ལྗོངས་གསོ་རིག་སློབ་ཆེན་སོགས་སློབ་གྲྭ་ཁག ། ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་ལྟེ་བའི་སློབ་ཆུང་། ༧ སི་ཁྲོན་དར་མདོ་བོད་ཡིག་སློབ་གྲྭ། དཀར་མཛེས་རྫོང་མི་རིགས་སློབ་འབྲིང་། སེར་ཤུལ་རྫོང་། རྔ་བ་རྫོང་ཀིརྟི་དགོན་དང་སྒོ་མང་དགོན།  གསེར་རྟ་རྫོང་ལྔ་རིག་ནང་བསྟན་སློབ་གླིང་། སྡེ་དགེ་རྫོང་སོགས་དང་། ༧ ཀན་ལྷོ་བོད་ཀྱི་ཡིག་མཁན་མཐུན་ཚོགས་དང་བསང་ཆུ་རྫོང་འཐབ་ཕྱོགས་པུའུ་དང་དྲིལ་སྒྲོག་པུའུ་མཉམ་འབྲེལ་གྱི་ཡིག་གཟུགས་བཤམ་སྟོན་ཆེན་མོ།

༧ མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བྲིས་གཟུགས་མཐུན་ཚོགས། ཡུལ་ཤུལ་ནང་ཆེན་རྫོང་། སྡེར་ནང་དགོན།  མགོ་ལོག་ཁུལ་མཐོ་རིམ་སློབ་འབྲིང་།   རྟ་བྲག་དྭ་ཕྲུག་སློབ་གྲྭ། རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ།  མཚོ་ལྷོ་བྱ་མདོ། མཚོ་ཤར། རྨ་ལྷོ་རེབ་གོང་དང་གཅན་ཚ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་དང་སློབ་ཆེན་པའི་གཞི་རིམ་སློབ་གསོ་རོགས་སྐྱོར་ཚོགས་པ། ༧ ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་མདོ་དབུས་ཁམས་གསུམ་གྱི་དགོན་པ་དང་། སློབ་སྔོན་སློབ་གྲྭ་ནས་སློབ་ཆེན་གྱི་བར། ལས་ཁུངས་དང་ཚོགས་པ། མི་སྒེར་སོགས་གཞུང་སྒེར་གཉིས་ཀ་ནས་བྱ་འགུལ་ཆེ་འབྲིང་ཆུང་གསུམ་སྤེལ་བས་སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་འཁྲུངས་སྐར་སྲིད་ན་མ་བྱུང་བ་ཞིག་བསུས་སོང་།

    མིག་སྔའི་བར་འབྱོར་བའི་གནས་ཚུལ་ཕྱོགས་སྡོམ་བྱས་པ་ལྟར་ན་སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་དུས་ཆེན་བྱ་འགུལ་ཁྲོད་ཡིག་སྣ་མི་འདྲ་བ་དྲུག་ཅུ་ལྷག་དང་། བརྩམས་ཆོས་གོང་གཤམ་ཅན་༨༨༠ལྷག ། ཡུལ་དངོས་ནས་བྲིས་པའི་བརྩམས་ཆོས་ཆིག་སྟོང་དྲུག་བརྒྱ་ལྷག །དེ་རྣམས་རགས་རྩིས་ཀྱིས་སྤྱིའི་རིང་ཚད་སྨི་༡༤༠༠ ལྷག །བྱ་འགུལ་སོ་སོར་ཞུགས་པའི་ཡུལ་དངོས་སྐུ་མགྲོན་དང་ཡིག་གཟུགས་དགའ་ཞེན་པ་མི་གྲངས་༡༢༠༠༠ལྷག །

    ནང་དོན་གྱི་ཐད་<ས་སྐྱ་ལེགས་བཤད།>< ཆུ་ཤིང་བསྟན་བཅོས།>< སུམ་རྟགས་རྩ་བ།>< རྒྱལ་སྲས་ལག་ལེན། ><འཇམ་དཔལ་མཚན་བརྗོད།> གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་རྣམས་ཀྱི་ལེགས་བཤད། ཤིས་ཚིག་དང་སྨོན་ལམ། ཁ་གཡང་སོགས་སྤྱི་ཚོགས་ཡར་སྐུལ་དང་།  བཟང་སྤྱོད་གོང་སྤེལ་གྱི་སློབ་གསོའི་ནུས་པ་ལྡན་ཞིང་བརྗོད་བྱ་ཕུན་སུམ་ཚོགས་པའི་ལེགས་བཤད་ཤོ་ལོ་ཀ་ཆིག་སྟོང་ཉིས་བརྒྱ་ལྷག་གསར་བྲིས་མཛད་ཡོད་པར་མ་ཟད་དུས་ཆེན་འདི་དང་འབྲེལ་བར་གངས་ལྗོངས་ཆེས་ཐོག་མའི་སྐྱེས་མའི་ཡིག་གཟུགས་བཤམ་སྟོན་ཀྱང་བྱས་ཡོད།

    བྱ་འགུལ་གྱི་དོན་སྙིང་ནི་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་དང་པོ་བསུ་བ་དང་། ཡིག་གཟུགས་འགྲན་སྡུར། ཡིག་གཟུགས་འཆད་ཁྲིད། ཉམས་མྱོང་བརྗེ་རེས། གསར་སློབ་རྣམས་ལ་སྐུལ་ལྕག ། སྟོང་མིས་མིང་འགོད། ས་གནས་ཀྱི་གཞུང་འབྲེལ་ལས་གཞིའི་རྣམ་གྲངས་ཀྱི་མཛད་སྒོ། ཆེད་སྒྲིག་བརྩམས་ཆོས་བཤམས་སྟོན་སོགས་ངོ་བོ་གཅིག་ལ་རྣམ་པ་མི་འདྲ་བའི་སྒོ་ནས་ཡིག་གཟུགས་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ཤུགས་ཆེར་ངང་སྤེལ་འདུག །ལྷག་པར་དགུང་གྲངས་བརྒྱད་ཅུར་ཕེབས་ལ་ཉེ་བའི་༧ དཔལ་ལྡན་འབྲུག་པའི་སྐྱབས་མགོན་༧ཅོག་གྲྭ་རིན་པོ་ཆེ་ཆོས་ཀྱི་སེང་གེ་མཆོག་གིས་ངེད་ཡིག་གཟུགས་དུས་ཆེན་ཚན་ཆུང་གི་ཚོགས་མི་ཡོངས་ཀྱི་ཆེད་ཚེ་སྒྲུབ་དང་སྐབས་དང་པོའི་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཆེད་དུ་ཕྱག་བྲིས་མཛད་པར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།

   གཞན་ཉིན་འདིར་དགོན་སྡེ་དང་སྤྱི་ཚོགས་ལས་རིགས་སོ་སོ་ན་སློབ་གསོའི་གདུང་འཁུར་བའི་བླ་སྤྲུལ་དང་དགེ་རྒན་ཆེན་མོ་བ། འབུམ་རམས་པ་དང་ཞིབ་འཇུག་མི་སྣ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ།  མི་རབས་གསུམ་པའི་སྙན་ངག་པ་སོགས་ཀྱིས་གཙོས་མི་ཧ་ཅང་མང་བས་ཆེད་དུ་དུས་ཆེན་གྱི་ཚོགས་རྟགས་དང་རྟེན་འབྲེལ་ཞུ་བའི་སྨོན་ཚིག་སོ་སོའི་དྲ་སྟེང་དུ་བཀོད་དེ།  བསུ་སྟོན་དང་དགའ་གུས་ཀྱི་སྨོན་ཚིག་ཆུ་བོའི་རྒྱུན་བཞིན་དུ་སྤེལ་བས་སྤྱི་ཟླ་༤ པའི་ཚེས་༣༠ ཉིན་ནི་བོད་ཀྱི་དུས་ཆེན་རོལ་སྟངས་ཁྱད་དུ་འཕགས་པ་ཞིག་དང་བོད་ཀྱི་ཡིག་གཟུགས་རིག་གནས་ཀྱི་དབུ་འཕང་དགུང་དུ་འདེགས་པའི་ཉི་མ་གཅིག་པུར་གྱུར་ཡོད་དོ།།







---ཞེས་<རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་མཐུན་ཚོགས་>ལས་སྒྲུབ་ཁང་གི་དྲུང་ཆེ་གཞོན་གཉིས་ནས་༢༠༡༧-༤-༣༠

ཉིན་སྤེལ་པ་དགེའོ།།