设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཡི་གེ་འབྲི་ཚུལ་སྦྱང་བའི་དགོས་པ།

 二维码 759
发表时间:2017-03-17 23:43作者:དཔའ་རིས་སངས་རྒྱས། འདི་ཀ་རྩོམ་སྒྲིག་ཁང་།来源:བོད་ཀྱི་ཡིག་གཟུགས་དྲ་བ།

ཡི་གེ་འབྲི་ཚུལ་སྦྱང་བའི་དགོས་པ།

  ཡི་གེ་དག་སྙོམས་མཛེས་གསུམ་ལས། །མ་དག་སྐྱེས་བུ་སྙིང་མེད་འདྲ། །མི་སྙོམས་རྐང་ལག་འཁྱོར་བ་འདྲ། །མི་མཛེས་གོས་ངན་གྱོན་པ་འདྲ། །དག་སྙོམས་མཛེས་གསུམ་ཆ་གང་ཡང་། །མི་ལྡན་ལམ་ཁ་བོར་བ་ཡི། །གོས་ཧྲུལ་ངན་པ་སྐྱུག་བྲོ་འདྲ། །དེ་ཕྱིར་སྔ་མ་སྔ་མ་གཙོ། །གསུམ་ག་འཛོམས་ན་བཞིན་མཛེས་པའི། །དཔའ་བོ་ཟ་འོག་གོས་ཀྱིས་བཀླུབས། །ལུས་དང་ཡན་ལག་ལྟ་ན་སྡུག  །ཚོགས་པའི་ཁྲོམ་དུ་འགྲིམ་པ་འདྲ། །ཡི་གེ་སྦྱོང་འདོད་ཐོག་མ་རུ། ། འདི་འདྲའི་ཚུལ་གྱིས་ལམ་ལ་བཀྲི། །ཞེས་སློབ་དཔོན་རིན་པོ་ཆེ་ཚེ་ཏན་ཞབས་དྲུང་མཆོག་གིས་ཐོན་མིའི་མཛུབ་རིས་ལས་བསྟན་པའི་ལེགས་བཤད་འདིས་སྔུན་བསུས་ནས།  ཡི་གེ་འབྲི་ཚུལ་བཤད་པར་བྱའོ། །

   སྒྲ་གཟུགས་དོན་གསུམ་གྱི་འདུས་མ་སྟེ།  ཡིག་རིགས་རྣམས་ལས་བོད་ཡིག་ནི་སྦྱོར་ཀློག་ཅན་ཞིག་ཡིན་ཐོག  གཟུགས་མིག་ལ་མཛེས་པ་དང་།  སྒྲ་རྣ་བར་སྙན་པ་དང་།  དོན་ཡིད་ལ་འབྱོར་བའི་ཡོན་ཏན་གསུམ་དང་ལྡན་ཞིང་།  རང་རྒྱལ་མི་རིགས་སྤྱིའི་རིག་གནས་བང་མཛོད་ནང་གི་རིན་པོ་ཆེ་འོད་སྟོང་འབར་བ་ཞིག་ཡིན་པར་འཇིག་རྟེན་ཀུན་ཏུ་གྲགས་པ་ཆེའོ། །

   བོད་ཡིག་ནི་དབྱངས་གསལ་གྱི་དབང་དུ་བཏང་ན།  མིང་ཕྲད་རྩོམ་པའི་གཞིར་གྱུར་པའི་སྐད་ཀྱི་གདངས་ཡིན་ཞིང་།  མིང་ཚིག་བརྗོད་པ་སྤྱིའི་དབང་དུ་བཏང་ན།  བརྗོད་བྱ་སྟོན་པའི་སྐད་ཆ་མཚོན་བྱེད་ཡིན་ཏེ།  ཡུལ་དང་དུས་ཀྱི་བསྐལ་བ་སེལ་བའི་ཆེད་དུ་ཡི་གེའི་ལམ་ནས་གོ་བརྡ་སྤྲད་དགོས། ཡི་གེ་བྲིས་པ་ཁ་གསལ་ཞིང་དག་ཆ་ཐོན་ན་གཞན་གྱིས་གོ་བདེ།  སྙོམས་ཆ་དང་མཛེས་ཉམས་ཐོན་ན་གཞན་གྱིས་བལྟ་འདོད།  དེས་ན་གཞན་ལ་གོ་བ་སྟེར་བའི་ཆ་ནས་ཡི་གེ་དག་པར་བྲི་བའི་དགོས་པ་ཡོད་དོ། །དགའ་བ་སྐྱེད་པའི་ཆ་ནས་ཡི་གེ་ཆེ་ཆུང་མཉམ་པ་དང་མཛེས་པར་བྲི་བའི་དགོས་པ་ཡོད་དོ། །ཡི་གེ་ལ་བཀོལ་བའི་ཕན་ཡོན་དང་མཛེས་པའི་སྒྱུ་རྩལ་ཆ་གཉིས་འཛོམ་པའི་དོན་དུ་འབྲི་ཚུལ་ལེགས་པར་སྦྱང་བའི་དགོས་པ་ཡོད་དོ། །དེས་ན་ཡི་གེ་བྲི་བར་འབྲི་ཚུལ་ཤེས་དགོས།  འབྲི་ཚུལ་ཞེས་པ་སྤྱིར་ཡི་གེ་འབྲི་ཐབས་ཏེ།  སྨྱུག་འགྲོས་འཐེན་སྟངས་སམ་སྨྱུག་ཁ་བསྐོར་ལུགས་སོགས་དང་།  བྱེ་བྲག་ཏུ་ཡི་གེ་འབྲི་རྩལ་ཏེ།  གཟུགས་ཉམས་བཟོ་ལྟ་སོགས་ལ་ཟེར་བ་ཡིན།  དེ་ལ་འབྲི་ཐབས་འགྲིག་པར་བྱས་ཐོག་འབྲི་རྩལ་གདོན་པར་བྱ་དགོས། །

   བོད་མུན་པའི་གླིང་དུ་ཐོག་མར་ཡི་གེའི་སྲོལ་འབྱེད་སྲིད་པའི་སྒྲོན་མེ་བསུས་པའི་དྲིན་ཆེན་བླ་ན་མེད་པ་ཐོན་མི་སམ་བྷོ་ཊ་ནས་བཟུང་།  མི་ལོ་སྟོང་དང་སུམ་བརྒྱ་ལྷག་གི་མི་རབས་མི་ཐོག་གི་མཁས་པ་རིམ་བྱོན་ཇི་སྙེད་རྣམ་པས་ཡི་གེ་ནི་སྒྱུ་རྩལ་རེ་བཞིའི་①དང་པོར་བཞག་ནས་འབྲི་ཚུལ་གཙིགས་སུ་བཟུང་བའི་དྲིན་གྱིས།  དབུ་ཅན་དང་དབུ་མེད་ཀྱི་འབྲི་སྲོལ་སྣ་ཚོགས་བྱུང་བར་མ་ཟད།  ཡིག་མཁན་གྲགས་ཅན་གང་མང་བྱུང་ཞིང་།  ཁོང་ཚོས་བྲིས་པའི་ཡི་གེ་ནི།  ལྟ་བས་མི་ངོམས་གཟུགས་ལ་ངོ་མཚར་འཛིན། །མཛེས་པའི་རྒྱན་དུ་འཁོད་པའི་སྲོལ་བཟང་ཆགས། །དེ་ཕྱིར་དགེ་རྒན་རྣམ་པས་གསར་བུ་བ་ཚོར་སྦྱོར་ཀློག་འཁྲིད་འགོ་བརྩམས་པ་ནས་བཟུང་ཡི་གེ་འབྲི་ཚུལ་སྦྱང་དུ་འཇུག་པ་ཡིན་ལ།  དེང་གི་ཆར་སློབ་གྲྭ་ཆུང་འབྲིང་དུ་ཡི་གེ་འབྲི་ཚུལ་སྦྱང་བ་སློབ་ཚན་གལ་པོ་ཆེ་ཞིག་ཏུ་བརྩིས་ཡོད།  ཡིན་ན་ཡང་།  དགེ་རྒན་ལ་ལས་ཡི་གེ་འབྲི་ཚུལ་སྦྱང་བ་གནད་དུ་མི་འཛིན་པས།  སློབ་མ་ཚོས་སྨྱུག་འགྲོས་འཐེན་སྟངས་སོགས་ཇི་བཞིན་མི་ཤེས་ལ།  རང་སྣང་གང་ཤར་དུ་བྲིས་ནས་ངན་ལོབས་རྗེས་ལེགས་པར་བཅོས་དཀའ་བ་བྱུང་།  འདི་ནི་གཙོ་ཆེར་དགེ་རྒན་གྱི་ལན་ཏེ།ཡང་ན་ཚེགས་འཛེམས་ནས་འབྲི་ཚུལ་ལེགས་པར་མ་བསླབས་ལ་ཡན་པར་བཏང་བ་ཡིན།  ཡང་ན་རང་ཡང་འབྲི་རྩལ་ཞན་པས་གོ་མ་ཆོད་པ་ཡིན། །

   རང་རེ་སློབ་གྲྭའི་སློབ་མ་ཚོས་བོད་ཡིག་བྲིས་པ་སྤྱིར་བལྟས་ན།  གཅིག་ཏུ་དག་ཆ་དེ་འདྲ་མི་འདུག  གཉིས་སུ་འབྲི་ཤེས་པ་ཙམ་གྱིས་ཆོག་པར་བྱས་པ།  གསུམ་དུ་འབྲི་ཐབས་ལ་ངེས་ཆ་དམན་པ།  བཞི་རུ་འབྱོངས་པ་ཞན་པ་བཅས་མངོན་སུམ་དུ་སྣང་བས།  སློབ་གྲྭ་ཆེན་མོ་ཡིན་ཡང་སློབ་མ་ཚོར་ཡི་གེ་འབྲི་ཚུལ་གང་ལེགས་སུ་སྦྱང་དུ་འཇུག་པ་གལ་ཆེའོ། །

   སློབ་གྲྭ་ནི་སྤྱི་ཚོགས་རིང་ལུགས་ཀྱི་འབྱོར་བ་དང་ཤེས་རིག་གི་དཔལ་ཡོན་གཉིས་སྐྲུན་པའི་རིག་འཛིན་སྐྱོང་ས་ཡིན་པས།  འབྲི་ཚུལ་ཙམ་དུའང་དགེ་རྒན་རྣམ་པར་ཁག་ཁུར་ཁྱད་པར་བ་ཡོད།  ཡི་གེ་བྲིས་པའི་ཆོ་ག་ལས། །འབྲི་བ་བོ་ཡི་གཤིས་རྒྱུད་རྟོགས།། མཛེས་ཉམས་ཙམ་གྱིས་འབྲི་མཁན་ལ།། མཁས་བཙུན་བཟང་བའི་སྣང་བ་ཤར།། ཞེས་འཇིག་རྟེན་པའི་ཁ་ལ་གྲགས་ཚོད་འདི་དོན་ལ་དེ་འདྲ་མ་ངེས་ཀྱང་རྒྱུ་མཚན་མེད་པ་མ་ཡིན་པས།  དེ་ལུགས་ཐུགས་ལ་དགོངས་ནས།  སློབ་མ་ཚོར་མཛེས་པར་ཞེན་པ།  ཞིབ་ཆ་ཆེ་བ།  རིག་པ་གྲིམ་པ།  དགའ་སྣང་སྐྱེ་བ།  རྒྱུན་ཆགས་བརྩོན་པ་སོགས་ཀྱི་ཡོན་ཏན་རྒྱུད་ལ་བསྐྱེད་ཐོག འབྲི་ཐབས་སྦྱང་བ་གཙོ་བོར་འཛིན་ཅིང་འབྲི་རྩལ་སྦྱང་བ་ཞར་ལ་འཇུག་དགོས།  ཐབས་མཁས་པའི་སྒོ་ནས་རྩལ་ཤུགས་ལ་ཐོན་ཡོང་།སྨྱུག་ཁ་སྐོར་ལུགས་དང་སྨྱུག་འགྲོས་འཐེན་སྟངས།  ཡི་གེའི་མགོ་ཕུབ་རྐང་ལག་སོགས་སྦོམ་ཕྲ་རིང་ཐུང་མཐོ་དམན་བར་མཚམས་སོགས་ཆ་ཚད་ཇི་བཞིན། ཐོག་མར་ཐིག་ལ་རུས་པ་དང་།  བར་དུ་རུས་ལ་ཤ་ཉམས་དང་།  མཐའ་མར་ཤ་ལ་མཛེས་ཉམས་འདོན་པ་སོགས་གོ་རིམ་བཞིན་སྦྱང་བ་གནད་དུ་ཆེའོ། །དེ་ཡང་ལག་བདེ་སྐྱོང་ན་རང་ལག་བདེ་དགོས།  དགེ་རྒན་རང་འབྲི་མཁན་ཡིན་ན་སློབ་མ་ཚོར་དཔེ་ལམ་གཏོད་ཐུབ་པས།  སམ་ཊའི་ངོས་ལ་ཡི་གེ་གནས་ལུགས་ལྟར་ལེགས་པར་བྲིས་ན་སློབ་མ་རྣམས་ཀྱི་རྒྱུད་ལ་བག་ཆགས་འཇོག་ཐུབ།  ཆུ་བོ་དལ་ཡང་རིང་འགྲོ་ལ། །རྦ་རླབས་དྲག་ཀྱང་ཆེར་མི་འགྲོ། །ཞེས་པ་ཇི་བཞིན་འབྲི་ཚུལ་སྦྱང་བ་ཆེད་གཉེར་གྱི་སློབ་འཁྲིད་ཙམ་ལ་བརྟེན་ནས་བོགས་མི་འཐོན་ཏེ།  དུས་རྒྱུན་གྱི་བྲི་བར་བྱ་བ་དང་ཟུང་དུ་སྦྲེལ་ན་ཕན་ཐོགས་པར་འགྱུར་རོ། །

       པིར་གྱི་རྩེ་མོ་བསྒུལ་པའི་ཡི་གེའི་གཟུགས། །

       དཀར་འཇམ་ཤོག་བུའི་ངོས་སུ་གསལ་གྱུར་ཀྱང་། །

       སོར་མོའི་རྩལ་ལ་སྦྱངས་པ་མ་མཆིས་ན། །

       འབྲི་འཕྲེང་ཚར་དུ་དངར་བ་ཤིན་ཏུ་དཀའ། །

  ཞེས་དོན་ཚན་འདི་མཁས་པའི་ལེགས་བཤད་ཀྱིས་མཇུག་བསྡུས་པའོ།།


བརྟག་པ་དང་སྦྱང་བ།

   དང་པོ། འབྲི་ཚུལ་ཞེས་པའི་དོན་ཅི་ཡིན།

   གཉིས་པ། ཡི་གེ་དག་སྙོམས་མཛེས་གསུམ་དུ་བྲི་དགོས་དོན་ཅི་ཡིན།

   གསུམ་པ། འབྲི་ཚུལ་ཇི་ལྟར་སྦྱང་དགོས།


མཆན། ①ཡ་དུས་འཕགས་ཡུལ་སོགས་སུ་གྲགས་པའི་ལུས་ངག་གི་སྒྱུ་རྩལ་དྲུག་ཅུ་རེ་བཞི་ནི། བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ་དང་། རོལ་མོ་བྱེ་བྲག་བཅོ་བརྒྨད། གླུ་དབྱངས་ཀྱི་ངེས་པ་བདུན་དང་། གར་གྱི་ཆ་བྱད་དགུ་དང་བཅས་པའོ།།