设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

འགྱུར་མེད་ཚུལ་ཁྲིམས།

 二维码 6578
发表时间:2015-12-25 01:04作者:ཡིག་གཟུགས་པ་རང་ཉིད། རྩོམ་སྒྲིག་པ།来源:བོད་ཀྱི་ཡིག་གཟུགས་དྲ་བ།网址:http://www.zgzzsfw.com

    དུས་རབས་ཉེར་གཅིག་པའི་བོད་ཀྱི་ཡིག་མཁན་ཆེ་མོ་འགྱུར་མེད་ཚུལ་ཁྲིམས་མཆོག་ནི་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ཞེ་གསུམ་པ་ས་བྱ་ལོར་གཡོ་རུ་གྲའི་ཆར་གཏོགས་གྲྭ་ཕྱི་སྨོན་སྒྲུབ་ཕུ་ཤར་གནས་གསར་དོང་ལོའི་ཁྱིམ་དུ་འཁྲུངས། ཆུང་དུས་ནས་སློབ་ལ་དགའ་ཞིང་དགེ་རྒན་བསྟན་འཛིན་སྐལ་བཟང་དང་། ཀུན་བཟང་ཆོས་རྒྱལ་མཆོག་གི་དྲུང་དུ་ཡི་གེ་འབྲི་ཀློག་སྦྱངས། དེ་ནས་རིམ་པར་ཆ་སློབ་དང་སློབ་འབྲིང་དུ་མཁས་དབང་ངག་དབང་རྒྱལ་པོ་དང་། བསོད་ནམས་ཆོས་ལྡན། སྐལ་ལྡན་ཡེ་ཤེས། ངག་དབང་ཕུན་ཚོགས་ཀྱི་དྲུང་ནས་སུམ་རྟགས་དག་གསུམ་སོགས་ལ་སྦྱང་པ་གནང་བ་མ་ཟད་ཁོང་ཉིད་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་ཐད་ཐུགས་བརྙེས་པས་དེ་ཕྱོགས་ལའང་ཐུགས་སྣང་ཟབ་མོ་གནང་། ལྷག་པར་ཁོང་ཉིད་སྤྱི་ལོ་༡༩༨༥ལོར་སྐྱབས་རྗེ་༧དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཐེག་མཆོག་བསྟན་པའི་རྒྱལ་མཚན་མཆོག་ལ་གཙུག་ཕུད་ཕུལ་བ་དང་། གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་ལས་དགེ་ཚུལ་གྱི་སྡོམ་པ་བླངས་ཏེ་ཨུ་རྒྱན་སྨིན་གྲོལ་གླིང་དགོན་པར་ཆོས་ཀྱི་སྒོ་མོ་དམ་པར་བཞུགས་སོ།།


    དེ་བཞིན་སྔ་ཕྱིར་རྩེ་རོང་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན། མཁན་པོ་གཟོ་བཟང་། རྫོགས་ཆེན་པདྨ་སྐལ་བཟང་། མཁན་དཀོན་མཆོག་བསྟན་འཛིན། རྗེ་བཙུན་ངག་དབང་ཕུན་ཚོགས། སྔགས་ཆེན་བློ་བཟང་ཆོས་གྲགས་དཔལ་བཟང་པོ་སོགས་སྐྱེས་ཆེན་དམ་པ་རྣམས་ལས་སོ་ཐར་སྡོམ་རྒྱུན་དང་བཀའ་གཏེར་གྱི་དབང་ལུང་མང་དུ་ཐོབ་སྟེ་མི་ཕམ་རིན་པོ་ཆེའི་ངེས་ཤེས་སྒྲོན་མེ། དཔལ་རྡོ་རྗེ་སེམས་དཔའི་རྩ་པོད་དང་། མདོ་ཚོགས་ཆེན་འདུས་པ། རྒྱུད་སྒྱུ་འཕྲུལ་ཞི་ཁྲོའི་དབང་ཆེན། པདྨ་བཀའི་ཐང་ཡིག ཕོ་བའི་དམིགས་ཁྲིད། མགོན་པོ་འོད་དཔག་མེད་ཀྱི་ཚེ་དབང་། ཨུ་རྒྱན་སངས་རྒྱས་གླིང་པའི་གཏེར་ཆོས་འཇམ་དབྱངས་དཀར་པོའི་རྗེས་སྣང་། དྲག་པོ་གསུམ་སྒྲིལ་རྟ་ཕྱག་ཁྱུང་གི་དབང་། བྱང་ཆུབ་ལམ་རིམ་ཆེ་མོ། ལྷ་མོ་དབྱངས་ཅན་མ་དང་ནོར་རྒྱུན་མ། རི་ཁྲོད་ལོ་མ་གྱོན་མ་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་རྗེས་སྣང་དང་བཅས་བཀའ་དྲིན་གྱི་གོ་སྐལ་ལེགས་པར་ནོད། པཎ་ཆེན་ཐམས་ཅད་མཁྱེན་པ་༧བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་བཀའ་དྲིན་ལས་སྤྱི་ལོ་༡༩༩༠ལོར་པེ་ཅིང་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ལོ་གཉིས་ལ་སློབ་སྦྱོང་ཀྱི་སྒོ་སྐབས་བཟང་པོ་ཐོབ་པ་མ་ཟད་དགེ་བའི་བཤེས་གཉེན་མགོ་ལོག་ཁྲ་གླིང་དགོན་གྱི་སྤྲུལ་པའི་སྐུ་༧བསྟན་པའི་ཉི་མ་རིན་པོ་ཆེ་དང་། སློབ་དཔོན་བསོད་ནམས་རྒྱ་མཚོ། ཨ་ལགས་བསམ་འགྲུབ་རྒྱ་མཚོ། རྒན་ངག་དབང་བཟང་པོ། སྒྲུབ་རྒན་ཀཾ་ཚང་ཀརྨ་སེངྒེ་རིན་པོ་ཆེ། ས་སྐྱ་མཁན་ཆེན་ཀླུ་སྒྲུབ་རྒྱ་མཚོ། ཆེ་ཤོས་བློ་བཟང་དཔལ་ལྡན་ལུང་རིགས་རྒྱ་མཚོ། ཧར་བ་འཇམ་དབྱངས་བློ་གྲོས། བསེ་ཚང་བློ་བཟང་དཔལ་ལྡན། དགེ་བཤེས་ཡེ་ཤེས་དབང་ཕྱུག་རྣམས་ལས་སུམ་དག་སྙན་ངག་དང་། རྩིས་དཀར་ནག ཕར་ཕྱིན་སོགས་དང་། སྒྲུབ་མཐའ་རིས་མེད་ཀྱི་ཆོས་སྐོར་ཀློང་ཆེན་སྙིང་ཐིག་དང་། དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔ། དཔལ་ཀྱེེ་རྡོར། དཔལ་རྡོ་རྗེ་འཇིགས་བྱེད། ཀུན་རིགས་ལྷ་སོ་བདུན། བླ་མ་ལྔ་བཅུ་པ། ལམ་རིམ་ཁྲིད་ཚིག་བརྒྱད། འཇམ་དབྱངས་དཀར་སེར་དམར་གྱི་དབང་དང་རྗེས་སྣང་། གུ་རུ་པདྨ་འབྱུང་གནས་དང་ཚེ་དཔག་མེད། སྒྲ་མི་སྙན་པའི་ཚེ་དབང་། དམིགས་བརྩེ་མའི་བེའུ་བུམ་དུ་བཞུགས་པའི་རིགས་གསུམ་སྤྱི་སྒྲུབ། རྟ་མགྲིན་གསང་སྒྲུབ།   རྗེ་བཙུན་སྒྲོལ་དཀར་ལས་ཚོགས་དང་ཚེ་ཁྲིད།   རྗེ་བཙན་ཏེ་ལོ་དང་རས་ཆུང་། གྲུབ་རྒྱལ་ལུགས་བཅས་ནས་ནས་བརྒྱུད་པའི་ཚེ་དབང་དང་ཁྲིད་ལུང་བཀའ་དྲིན་བསྐྱངས་བ་ལེགས་པར་ནོད།   པེ་ཅིང་དུ་ལོ་གཉིས་རིང་སློབ་མ་ཡོངས་ནས་སྦྱངས་འབྲས་མངོན་གསལ་དོད་པས་ཕུལ་བྱུང་སློབ་མ་གཅིག་ཤོས་ཀྱི་མཚན་སྙན་ཐོབ།


     དེ་བཞིན་ཨུ་རྒྱན་སྨིན་གྲོལ་གླིང་འདུས་སྡེའི་དགེ་སློང་མཁས་དབང་འོད་ཟེར་བསྟན་འཛིན་མཆོག་དང་། སྔགས་རབ་འབྱམས་པ་དགེ་སློང་བཤད་གྲུབ་བསྟན་འཛིན། དགེ་སློང་བསྟན་འཛིན་ཉི་མ། དགེ་སློང་ཀུན་བཟང་ཆོས་འཕེལ་མཆོག་རྣམས་ནས་ཆོས་རྒྱུད་དེའི་ལུང་ཁྲིད་མན་ངག་དང་། ཆོ་ག གཏོར་བཟོ་དཀར་རྒྱན། གདངས་དབྱངས་རོལ་ཚིག རྟེན་མདོས་ཡུལ་མདོས།   གྲུབ་ཆེན་བཀའ་བརྒྱད་དང་། མདོ་ཚོགས་ཆེན་འདུས་པ། རྒྱུད་སྒྱུ་འཕྲུལ་ཞི་ཁྲོ། དཔལ་ཡང་དག་སོགས་བཀའ་མའི་ཆོག་མང་དང་། ཕུར་པ་ཡང་གསང་སྤུ་གྲི། གཏེར་གསར་གུ་རུ་ཞི་དྲག་དང་། ཚེ་སྒྲུབ་ཡང་སྙིང་ཀུན་འདུས་བཅས་དཀྱིལ་འཁོར་དང་། བདེ་གཤེགས་ཐུགས་རྟེན་བརྒྱད་དང་ཁང་བུ་བརྩེགས་པའི་མཆོད་རྟེན་བཅས་ཀྱི་ཐིག་རྩ་སོགས་སློབ་གཉེར་མཐར་ཕྱིན་པར་མཛད།


    སྤྱི་ལོ་ཆིག་དགུ་བརྒྱད་ལྔ་དང་བརྒྱད་དྲུག་ཙམ་ནས་དགེ་རྒན་ཀུན་བཟང་ཆོས་འཕེལ་དང་འཇམ་དཔལ་རྒྱལ་མཚན་རྣམ་གཉིས་མཆོག་ནས་ཁོང་ལ་བོད་ཡིག་སོགས་ཀྱི་རྨང་གཞིའི་ཤེས་བྱའི་ལེགས་ཆ་ཡོད་པ་གཟིགས་ཏེ་ཕྱག་དཔེ་སློབ་གཉེར་གྱི་ཞོར་དུ་སླར་ཡང་སྦྱང་ཤིང་ཐོག་ཀ་ཁ་སྐམ་དྲས་ནས་འགོ་བཙུགསཏེ་ཡིག་གཟུགས་རྣམས་རིམ་པས་སྦྱངས་སུ་བཅུག་ཏེ་སློབ་སྟོན་དང་ཨེ་བྲིས་དབུ་མེད་ཀྱི་དཔེ་ཡང་གནང་བར་སྦྱང་བརྩོན་གནང་། སྐབས་དེ་ཙམ་ལ་འཕགས་ཡུལ་ལྷོ་ཕྱོགས་ཀྱི་མཁས་དབང་དགེ་སློང་པདྨ་རྒྱལ་མཚན་ལས་ན་ག་ར་དང་དབྱིན་ཡིག་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སྐད་ཡིག་ཞིབ་འཇུག་པ་མཁས་དབང་གཙང་སྤྲུལ་ཀུན་བཟང་བསྟན་པའི་སྒྲོན་མེ་ལས་ལོ་ཆེན་དྷརྨ་ཤྲཱིའི་ཕྱག་རྒྱུན་གྱི་ལཉྫ་ཐོག་མར་སྦྱངས་པའི་དབུ་བརྩམས།


    སྤྱི་ལོ་༡༩༩༠ལོར་པེ་ཅིང་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་སློབ་དཔོན་ཆེ་མོ་བསོད་ནམས་རྒྱ་མཚོའི་དྲིན་ལས་སླར་ཡང་ལཉྫ་དང་ཝརྟུ། དེ་དག་གི་ཤ་ཆེན་དང་ཁོང་སེང་། དབུ་ཅན་ཡིག་གཟུགས་གཡུ་ཁྲིའི་ཕྱག་རྒྱུན་དང་། ལྷ་བབས་ཡི་གེ དབུ་མེད་ཁོང་སེང་།   ཁྱུགས་ཡིག གསང་བའི་ཡི་གེའི་བྲི་ལུགས་སྣ་ཚོགས། ཧོར་ཡིག་གསར་མ་དང་བཅས་པར་སློབ་སྦྱོང་མཐར་ཕྱིན་གནང་བ་མ་ཟད་༧རྒྱལ་དབང་ཐུབ་བརྟན་རྒྱ་མཚོ་མཆོག་གིས་གཏན་ལ་ཕབ་པའི་དབུ་མེད་གཞུང་རིས་ཀྱི་ཁྲིད་རྒྱུན་གནད་འགག་དང་བཅས་པ་ཅོག་གྲྭ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་༧ཆོས་ཀྱི་སེངྒེ་དང་།   སྔོན་རྩེ་སློབ་གྲྭ་ནས་བྱང་ཆུབ་པའི་རྩེ་དྲུང་བྱམས་པ་འཕྲིན་ལས་མཆོག་རྣམ་གཉིས་ནས་གཞུང་རིས་ཁྲིད་སྟོན་སྐོར་ལ་སློབ་སྦྱོང་ཡང་དག་པར་མཛད།

    ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་སྐབས་ནོར་བུ་གླིང་གར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མཐིང་ཤོག་ལ་རིན་ཆེན་དང་པོས་གསར་བཞེངས་དབུ་འཛུགས་གནང་སྟེ་བཞེངས་འཕྲོ་ལུས་པ་སླར་ཡང་དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུའི་ནང་བསྐྱར་བཞེངས་ལས་གྲྭའི་གྲས་སུ་དངོས་སུ་བཞུགས་མྱོང་བའི་སྙེ་མོ་བའི་ཡིག་མཁན་ཆེ་མོ་བཀྲ་ཤིས་རྡོ་རྗེ་མཆོག་དང་བསྟན་འཛིན་རྣམ་རྒྱལ་རྣམ་གཉིས་ལས་སྙེ་བྲིས་བྲི་རྒྱུན་དང་། མཐིང་ཤོག རིན་ཆེན་བཏུལ་ཚུལ་སྐོར་སོགས་ལའང་སློབ་སྟོན་ཞུས་བ་གནང་སྐབས་མཁས་དབང་རྣམ་གཉིས་དགུང་ལོ་ཤིན་ཏུ་བགྲེས་ཀྱང་རིག་གནས་སྤྱི་དང་བྱེ་བྲག་བོད་ཡིག་ཡིག་གཟུགས་དང་རིན་ཆེན་བཏུལ་སྟངས་སོགས་ལ་མཁས་པས་དེ་དག་ལ་དད་ཞེན་ཆེ་བ་མ་ཟད་མན་ངག་གི་ལག་ལེན་དག་རྒྱུན་འཛིན་བྱེད་ཆེད་ཇི་ལྟར་དྲིས་པའི་གནད་འགག་རྣམས་ཐོག་མེད་ཀྱིས་གསུངས་ཞེས་མེས་པོའི་བློ་རིག་ལ་ངོ་མཚར་དང་སྤྲོ་བ་གཏད་ཅེས་གསུངས།

     དེ་ལྟར་མཁས་པའི་དབང་པོ་བཅུ་ཕྲག་གཉིས་ལ་ཉེ་བར་བསྟེན་པས་ཡིག་གཟུགས་གང་ཅིར་ཁུངས་དག་པའི་ཡིག་མཁན་ཆེ་མོ་འགྱུར་མེད་ཚུལ་ཁྲིམས་མཆོག་ནས་སློབ་དཔོན་རྣམས་པར་དྲིན་གཟོའི་བྲིས་གཟུགས་ཀུན་བཟང་མཆོད་སྤྲིན་“གངས་ལྗོངས་མེས་པོའི་ཕྱག་རྒྱུན་”ཞེས་པའི་བོད་ཡིག་ཡིག་གཟུགས་ཀྱི་དཔེ་དེབ་མཆོག་ཏུ་གྱུར་པ་དེ་ཉིད་ལས་ཞོར་དུས་ཡུན་ནང་ཕྱག་བྲིས་གནང་བ་སྤྱི་ལོ་༢༠༠༦ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་གནང་བར་སློབ་དཔོན་དག་དང་། རྒྱ་ཆེའི་སློབ་མ་རྣམས་ལ་ཕན་པ་ཆེན་པོ་བྱུང་བའི་གཏམ་བཟང་ཕྱོགས་ཀུན་ནས་རླུང་ལྟར་གྲགས་པ་དང་།   སྤྱི་ཚོགས་ཕྱོགས་ཡོངས་ནས་ཀྱང་བསྔགས་བརྗོད་དང་གདེང་འཇོག་མི་དམན་པ་ཐོབ། དེ་བཞིན་ཁོང་ལ་ལྗོངས་རིམ་པའི་ཡིག་གཟུགས་འགྲན་བསྡུར་མང་པོའི་ཐོག་གཟེངས་རྟགས་ཐེངས་མང་ཐོབ་ པ་མ་ཟད་ཡིག་གཟུགས་སོགས་ཀྱི་སློབ་མ་གསོ་སྐྱོང་བསྐྱངས་དང་སྐྱོང་བཞིན་པ་ལྔ་བརྒྱ་ཙམ་ཞུགས་པ་ནས་འགའ་ཞིག་གྲུབ་འབྲས་ཀྱང་འབུར་དུ་ཐོན་པས་ལྗོངས་དང་ས་གནས་རིམ་པའི་བྱ་དགའི་མཚན་སྙན་ཐོབ་སྟེ་དམངས་ལའང་སྐུལ་ལྕག་ཆེན་པོ་ཐེབས་བཞིན་ཡོད།   

    ཡིག་མཁན་ཆེ་མོ་ཁོང་གིས་ལེགས་སྦྱར་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན་པའི་དབང་གིས་སྤྱི་ལོ་༢༠༠༥ལོའི་ལོ་མཇུག་ཙམ་ལ་བོད་རང་སྐྱོང་ལྗོངས་ཏཱ་ལའི་ལོ་མའི་ཕྱག་དཔེ་སྲུང་སྐྱོབ་ལས་དོན་གཞུང་ལས་ཁང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་དབུ་བརྙེས་པ་དེའི་གཞུང་ལས་ཁང་གི་དབུ་ཁྲིད་མཁས་དབང་ཚེ་དབང་འགྱུར་མེད་མཆོག་དང་། པ་སངས་ཚེ་རིང་། འགྱུར་མེད་རྡོ་རྗེ་རྣམ་གསུམ་ཆེད་མངགས་ནོར་བུ་གླིང་གར་ཡིག་མཁན་ཁོང་གི་གམ་དུ་བཅར་ཏེ་དཀའ་ཚེགས་ཆེ་ལ་གཟི་བརྗིད་ཆེ་བའི་ཏཱ་ལའི་ལོ་མའི་ཕྱག་དཔེ་སྲུང་སྐྱོབ་ལས་གྲྭ་དེར་མཉམ་ཞུགས་དགོས་པའི་ཐུགས་རེ་བཞིན། བོད་ལྗོངས་ཀྱི་རྒྱ་དཔེ་ཡོངས་ཁྱབ་ཞིབ་བཤེར་དང་ཐོ་འགོད། ལེགས་བསྒྲིགས། དཀར་ཆག་འགོད་རྒྱུ་སོགས་ཀྱི་རྒྱལ་ཁབ་རིམ་པའི་ལས་དོན་རླབས་པོ་དེའི་ནང་ལོ་ངོ་བརྒྱད་རིང་ཕྱག་ལས་གནང་།  

    རྒྱ་དཔེ་དེ་དག་ནི་སངས་རྒྱས་ཀྱི་བཀའ་དང་པཎྜི་ཏའི་བསྟན་བཅོས་ཀྱི་མ་ཕྱི་དངོས་ཏེ་ནང་དོན་ཕུན་སུམ་ཚོགས་ལ་ཡིག་རིགས་ཀྱང་ལཉྫ་དང་། ཝརྟུ། དྷ་རི་ཀ། ཀསྨི་ར། ན་ག་རི། ཡིན་འདུ། སིངྒ་ལ། བྷ་དྲུ། གའུ་ལེ། མཱ་ག་དྷཱི། སྲིན་པོ། པུ་ཀཾ། བོད་ཡིག་སོགས་སྣ་གྲངས་མང་བ།   དེ་སྔ་ཁོང་ཉིད་ཀྱང་རྒྱ་དཔེ་ཞེས་པའི་ཐ་སྙད་མཐོང་ཐོས་ཙམ་ལས་དངོས་སུ་མིག་ལམ་དུ་མ་གྱུར་བ་མ་ཟད། ལན་ཝར་དང་དེ་བ་ནཱ་ག་རིའི་ཡི་གེ་མཁྱེན་པ་ཙམ་ལས་དེ་སྔ་གོ་ཐོས་མ་མྱོང་བའི་ཡིག་རིགས་གཞན་དག་ནི་དེ་བས་མི་ཤེས་པ་ལྟ་ཅི་སྨོས། འོན་ཏེ་ཁོང་སྐོམ་པ་ཆུ་འདོད་ལྟ་བུའི་ཐུགས་རེ་ནི་རྒྱ་གར་གྱི་པཎྜི་ཏ་རྣམས་དང་བོད་ཀྱི་ལོ་ཙཱ་བའི་ཕྱག་བསྟར་མའི་ཕྱག་བྲིས་བྱིན་ཅན་རྣམས་མཇལ་འདོད་པ་ཡོངས་སུ་ལེགས་གྲུབ་བྱུང་ཞེས་གསུངས།

    བོད་ཀྱི་རྒྱ་དཔེ་པོད་སྟོང་ཕྲག་ལྷག་གི་ལོ་མ་གཅིག་ཀྱང་ཆད་ལུས་མེད་པ་མཇལ་བའི་གོ་སྐལ་བཟང་པོ་ཐོབ་པ་མ་ཟད། དེའི་སྐོར་གྱི་ཤེས་བྱའང་མི་ཉུང་ཁོང་དུ་ཆུད་པ་དང་། ཉམས་མྱོང་བསོག་འཇོག་བཅས་ནི་ཡིག་མཁན་ཁོང་བསོད་ནམས་ཆེ་བ་དང་། དོན་སྙིང་ལྡན་པ། བསྐལ་པ་བཟང་བ།   བརྗེད་པར་དཀའ་བ།   འབྲས་བཟང་སྨིན་པ།   དྲན་གསོ་གནང་འོས་པའི་དམིགས་བསལ་གྱི་ལོ་ཟླ་ཞིག་ཏུ་ངོས་འཛིན་གནང་བཞིན་འདུག། །། བཀྲ་ཤིས་ཞལ་བྲོ། གཏམ་བཟང་། སྤྱི་ལོ་༢༠༡༧ནང་ཀློག་པ་པོ་དང་ཡིག་གཟུགས་ལ་དད་ཞེན་ཅན་རྣམས་ནས་ཡིག་མཁན་ཆེ་མོ་ཁོང་གིས་བརྩམས་པའི་ལེགས་སྦྱར་ཡིག་གཟུགས་ནང་དོན་ཕུན་སུམ་ཚོགས་པའི་རྩམ་ཆོས་གཟིགས་ཐུབ།   ད་ཆ་ཁོང་ནི།   བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།   ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ལཉྫའི་ཡིག་གཟུགས་ཀྱི་རྒྱུན་འཛིན་པ། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལས་དོན་མཁས་དབང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།   བོད་རང་སྐྱོང་ལྗོངས་ཏཱ་ལའི་ལོ་མའི་ཕྱག་དཔེ་ཞིབ་འཇུག་ཁང་གི་ཁོངས་མི།   བོད་རང་སྐྱོང་ལྗོངས་གནམ་རིག་སྐར་རྩིས་ཞིབ་གྲོས་ཚོགས་པའི་རྒྱུན་ལས་ལས་འཛིན། བོད་རང་སྐྱོང་ལྗོངས་པར་རྒྱག་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།   ལས་ཡུལ།   བོད་རང་སྐྱོང་ལྗོངས་ནོར་བུ་གླིང་ག་དོ་དམ་ཁྲུའུ།