བོད་ཀྱི་ཡིག་བྲིས་པ་ཡུལ་ཤུལ་མྱི་གཡང་གི་ངོ་སྤྲོད་མདོར་བསྡུས།
ཡུལ་ཤུལ་མྱི་གཡང་། ཕོ། མི་རིགས་བོད། ༡༩༨༠ལོའི་ཟླ་༢པའི་ཚེས་༥ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་བྲག་དཀར་ཤང་གི་མངའ་ཁོངས་སུ་འཚར་ལོངས་བྱུང་། ༡༩༩༥ལོར་འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་ནས་དམའ་གསུམ་འདོན་བཞིན་པའི་སྐབས་སུ་ཁུལ་ཡོངས་ནས་གསུམ་བཟང་སློབ་མའི་མཚན་སྙན་ཐོབ། ༡༩༩༨ལོར་ཡུལ་ཤུལ་ཁུལ་མི་རིགས་དགེ་འོས་སློབ་གླིང་ནས་ལྔ་བཞི་རི་མོའི་བཤམས་སྟོན་དུས་ཆེན་སྟེང་ནས་ཨང་གཉིས་པའི་རི་མོ་བརྩམས་ཆོས་ཀྱི་བྱ་དགའ་ཐོབ། ༡༩༩༩ལོའི་ཟླ་༦་པར་ཡུལ་ཤུལ་ཁུལ་མི་རིགས་དགེ་འོས་སློབ་གླིང་གི་རི་མོ་དང་བོད་ཀྱི་ཡིག་གཟུགས་ཆེད་ལས་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས། ལོ་དེའི་སྤྱི་ཟླ་༧པའི་ནང་འབྲི་སྟོད་རྫོང་རིག་གནས་ཁང་དུ་ལས་ཞུགས་གནང་། ཁོ་བོས་ཡུལ་ཤུལ་ཁུལ་མི་རིགས་དགེ་འོས་སློབ་གླིང་གི་རི་མོ་དང་བོད་ཀྱི་ཡིག་གཟུགས་ཆེད་ལས་འཛིན་གྲྭ་ནས་འབྲེལ་ཡོད་ཡིག་གཟུགས་དང་རི་མོ་སྐོར་ལ་སློབ་ཐོན་བྱུང་བ་དང་། ཕྱིས་སུའང་སློབ་སྦྱོང་གི་གོ་རིམ་བར་མ་ཆད་པར་ཤེས་བརྩོན་ཟུང་འབྲེལ་གྱི་ཚུལ་དུ་གནས་པས། ༢༠༡༢ལོར་ཁོ་བོས་བྲིས་པའི་བོད་ཀྱི་ཡིག་གཟུགས་བྲིས་དཔེ་བྲིས་རྩལ་རིག་པའི་སྒོ་འབྱེད་ཅེས་པའི་དེབ་ཆུང་ཅིག་དཔར་སྐྲུན་བྱས་པ་དང་། གཞན་ཡང་། ལོ་རེའི་དགུན་གནང་སྐབས་སུ་ཁོ་བོས་བོད་ཀྱི་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་དུངས་ཞེན་ཆེ་བའི་སློབ་མ་གྲངས་མང་ཞིག་བསྐྱེད་བསྲིངས་གནང་བཞིན་ཡོད་ལ། སྤྱི་ལོ་༢༠༡༢ནས་༢༠༡༣བར་འབྲི་སྟོད་རྫོང་མི་ཤུགས་ཐོན་ཁུངས་ཅུའུ་ཡིས་རྩ་འཛུགས་བྱས་པའི་གཙང་གསུམ་ཞིང་འབྲོག་མི་དམངས་ཀྱི་ལག་རྩལ་གསོ་སྦྱོང་འཛིན་གྲྭའི་གདན་ཞུའི་དགེ་རྒན་བྱས་ཏེ། སྡེ་ཁུལ་འབྲོག་དམངས་རྣམས་ལ་ཐང་ག་དང་བོད་ཀྱི་ཡིག་གཟུགས་ལག་ལེན་འབྲི་སྦྱོང་སྐོར་གྱི་ཤེས་བྱ་ཟབ་ཁྲིད་གནང་རྗེས། ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་པ་རེད། སྤྱི་ལོ་༢༠༡༤ལོར་འབྲི་སྟོད་རྫོང་སྒ་སྐྱ་ལོའི་རིག་གནས་དང་རི་མོ་། ཡིག་གཟུགས། པར་ལེན་འགྲན་ཚོགས་བཅས་ཀྱི་ཁྲོད་ནས་བོད་ཀྱི་ཡིག་གཟུགས་དང་རི་མོའི་འགྲན་རྩལ་ཨང་གཉིས་པའི་བྱ་དགའ་ཐོབ་པ་དང་། པར་ལེན་སྒྱུ་རྩལ་ཨང་གསུམ་པའི་བྱ་དགའ་ཐོབ་པ་སོགས་ཡིན་ལ། ད་ལྟ་ལས་དོན་གྱི་བར་གསེང་ནས་འབྲི་སྟོད་རྫོང་སྒ་སྐྱ་ལོའི་རྩོམ་སྒྲིག་ཁུངས་ཀྱི་མཛེས་རིས་ཇུས་འགོད་ཀྱི་ལས་དོན་སྒྲུབ་ཞོར་དུ། འབྲི་སྟོད་ས་གནས་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་མཚོན་རྟགས་སྣ་ཚོགས་ཤིག་ཇུས་འགོད་གནང་བཞིན་ཡོད་པ་དང་། སྤྱི་ལོ་༢༠༡༥ལོར་འབྲི་སྟོད་རྫོང་རྒྱལ་ཡོངས་སྐབས་གཉིས་པའི་སྒ་སྐྱ་ལོའི་རིག་གཞུང་བགྲོ་གླེང་ཚོགས་སྐབས་སྒ་སྐྱ་ལོའི་རིག་གནས་ཕུལ་བྱུང་སློབ་གཉེར་པའི་མཚན་སྙན་གནང་བར་རེད། སྤྱི་ལོ་༢༠༡༤ནས་༢༠༡༥བར་འབྲི་སྟོད་རྫོང་རིག་གནས་ཡུལ་སྐོར་ཀུན་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱི་ཕུལ་བྱུང་ལས་དོན་མི་སྣའི་མཚན་སྙན་གནང་བ་བཅས། མདོར་ན་དུས་ཚོད་སྐར་ཆ་ཙམ་ཡང་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་ས་གནས་སྒྱུ་རྩལ་རིག་པའི་བསྟན་པ་འཛིན་སྤེལ་བྱེད་པའི་རླབས་ཆེན་གྱི་བྱ་བཞག་ལ་འབད་འབུངས་ལྷོད་མེད་གནང་མུས་སུ་མཆིས་སོ།
དང་པོ། རྩོམ་པ་པོའི་ཡིག་གཟུགས་བརྩམས་ཆོས།
གཉིས་པ། རྩོམ་པ་པོའི་ཡིག་གཟུགས་དང་མཛེས་རྩལ་འགྲེམ་སྟོན།
གསུམ་པ། རྩོམ་པ་པོར་ཡིག་གཟུགས་དང་མཛེས་རྩལ་སྐོར་ལ་ཐོབ་པའི་བྱ་དགའ།
|