བོད་ཀྱི་ཡིག་མཁན་ཁ་གྱ་འཇིགས་མེད་ལགས་ནི། ཕྱི་ལོ༡༩༧༡ལོར་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཐང་དཀར་ནང་ཡུལ་ཚོ་ཕྱིང་གུར་ཕུ་སྡེ་བར་སྐྱེས། ༡༩༧༨ལོར་སློབ་ཆུང་དུ་ཞུགས། ༡༩༨༢ལོའི་ཟླ་༤ཚེས་༡༥ཉིན་ཁ་གྱའི་སྒར་རྙིང་དགོན་པའི་ཆོས་སྒོར་ཞུགས་ཤིང་ཆོ་ག་ཆོས་སྤྱོད་སོགས་ལ་སྦྱངས་བ་བྱས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་དགེ་འདུན་ཆེ་བ་ཚང་གི་མདུན་ནས་རབ་ཏུ་བྱུང་། ༡༩༨༨--༡༩༨༩བར་གཙོས་དགེ་འོས་ཆེད་གཉེར་སློབ་གྲྭར་ཞུགས་ཏེ། རྒན་གཤེན་ཚའི་བློ་བཟང་རྒྱ་མཚོའི་མདུན་ནས་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ལ་སྦྱངས་པ་མི་དམན་པ་བྱས། ལྷག་པར་ཡིག་མཁན་དྲུང་ཡིག་སྨོན་ལམ་ཚང་གི་སློབ་མའི་གཙོ་བོ། སངས་རྒྱས་བཀྲ་ཤིས་ལགས་དང་སྒྲོལ་མ་སྐྱབས་གཉིས་ཀྱི་མདུན་ནས་དབུ་ཅན་དང་། རྒྱུག་བྲིས། འབྲུ་ཚ་བཅས་ལ་སྦྱངས་པ་མཐར་ཕྱིན་བྱས། ༡༩༩༥ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཀྱཻ་རྡོར་གྲྭ་ཚང་གི་ཨ་ཁུ་ཡེ་ཤེས་ཚང་གི་མདུན་ནས་སུག་རིང་དང་། སུག་ཐུང་། ཚུགས་ཆུང་། རྒྱུག་བྲིས་དང་། ཡང་ཐོས་བསམ་གླིང་གི་སོག་པོའི་དཀོན་མཆོག་ཚང་གི་མདུན་ནས་ལན་ཝར་བཅས་ལ་ཞིབ་ཏུ་སྦྱངས། ༡༩༩༥ལོའི་ཟླ་༨པར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭར་རྒྱུགས་འཕྲོད་ནས་ལམ་རིམ་བློ་སྦྱོང་གཙོས་སུམ་རྟགས་དག་གསུམ་དང་། ལོ་རྒྱུས། གྲུབ་མཐའ། སྙན་ངག ས་ཁམས། བཅའ་ཁྲིམས། ཆབ་སྲིད་སོགས་ལ་སྦྱངས་ཤིང་ལྷག་པར་དབུ་ཅན་དབུ་མེད། ལན་ཝར་བཅས་ཀྱི་ཡིག་གཟུགས་ལ་ཡང་བསྐྱར་སྦྱངས་པ་གཤིས་ཕྱིན་པ་གནང་ཞིང་༡༩༩༩ལོར་སློབ་མཐར་ཕྱིན། ༢༠༠༠ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭས་ཆེད་དུ་གདན་ཞུ་བྱས་པ་ལྟར་སློབ་གྲྭའི་ཡིག་གཟུགས་དགེ་རྒན་གྱི་འགན་བཞེས་ཞོར་དུ་ཕྱོགས་ཡས་མས་ནས་ཕེབས་པའི་སློབ་གཉེར་བ་མང་བོ་ལ་དབུ་ཅན་དང་དབུ་མེད། ལན་ཝར་བཅས་ཀྱི་ཡིག་གཟུགས་སློབ་ཁྲིད་བྱེད་བཞིན་པ་དང་། ༢༠༠༤ལོ་ནས་བླ་སྲོག་དུས་དེབ་ཀྱི་སྒྲིག་གཙོའི་འགན་ཁུར། ད་དུང་སློབ་གྲྭའི་གུང་གསེང་སྐབས་དགོན་པ་རེ་གཉིས་ཀྱིས་གདན་ཞུས་ལྟར་ཡིག་གཟུགས་དགེ་རྒན་དུ་ཕེབས་བཞིན་པ་ལགས།
འགྲེམ་སྟོན་ཐེངས་གསུམ་པ།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ་བཀྲ་ཤིས་དོན།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།
|