收藏本站
我的资料
   
查看手机网站
其他帐号登录: 注册 登录
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

སྐད་དང་ཡིག་གཟུགས་དར་ཚུལ་ལ་དཔྱད་པ། མུ་འགོད4

 二维码 249
发表时间:2017-02-15 00:29作者:རིག་བསྟན་གྱིས་བརྩམས།来源:བོད་ཀྱི་ཡིག་གཟུགས་དྲ་བ།

བྲིས་གཟུགས་ལ་མཁས་པར་འགྱུར་བའི་ཚད།

    འཇམ་མགོན་ས་པཎ་གྱིས། གང་དག་ཡི་གེ་འབྲི་བ་པོ། །སྙོམ་གཙང་འགྲིག་གསུམ་ལྡན་པ་དང་། །ལེགས་མགྱོགས་དག་གསུམ་དྲུག་ཚང་ན། །མཁས་པའི་གོ་ས་ཐོབ་པ་ཡིན། ཅེས་གསུངས་པ་ལྟར་དུ་གང་དག་ཡི་གེ་འབྲི་བ་པོ་དེས་དབུ་ཅན་དང་དབུ་མེད་གང་བྲིས་པའི་ཡིག་གཟུགས་ལ་དཀར་ནག་གི་ཆ་མཉམ་ལ་འབྲུ་ཁོག་སྒྲོས་པ། སྣག་ལམ་གཙང་ཞིང་ཡི་གེ་གྲ་འགྲིག་པར་མ་ཟད།ཡིག་གཟུགས་ལེགས་ལ། ལག་པ་བཟང་གོམས་སུ་ཆགས་ནས་མགྱོགས་པ་དང།ཆད་ལྷག་ནོར་འཁྲུལ་མེད་པའི་དག་པ་བཅས་དྲུག་དང་ལྡན་ན་བྲིས་མཁན་ཞེས་པའི་མིང་ཐོབ་པ་ཡིན་ཅིང་། དེ་ཡང་ཇི་སྐད་དུ། དང་པོ་མཁས་པའི་སློབ་དཔོན་བསྟེན་པ་དང་། ། བར་དུ་རིག་པའི་ཕྲེང་ལ་ཤར་བ་དང་། ། མཐའ་མར་ལག་ལེན་བརྩོན་འགྲུས་བྱེད་པར་གནས། །དེ་ཡང་ཐོག་མར་ཐིག་ལ་རུས་པ་དང། །བར་དུ་རུས་ལ་ཤ་ཉམས་འདོན་པ་དང་། ། མཐའ་མ་ཤ་ལ་མཛེས་ཉམས་བསླབ་པ་སོགས། ། གོ་རིམ་བཞིན་དུ་སྦྱོང་བ་གནད་དུ་ཆེ། །མགོ་ལ་མཐོ་དམའ་བར་ལ་ཡངས་དོག་དང་། །དེ་བཞིན་རྐང་ལ་རིང་ཐུང་མེད་པའི་ངོས། ། འབྲུ་ནི་ཡུངས་དཀར་བསྟར་ལ་བཀོད་འདྲ་བ། ། སྙོམས་ལེགས་བྱུང་དུས་ཧ་ལམ་ཤེས་པའི་ཚད། ། ཅེས་གསུངས་པ་ལྟར་ཤེས་པར་བྱ་དགོས་སོ། །

ཡིག་གཟུགས་འབྲི་མཁན་ཚོས་གཟབ་དགོས་ས་འགའ།

   དེ་ཡང་ཡི་གེ་བྲིས་ཀློག་གཉིས་ནི་ཡོན་ཏན་ཐམས་ཅད་ཀྱི་མིང་གཞི་ཡིན་པས། བྲིས་མཁན་གྱི་ལག་ཤེས་ལ་བརྟེན་ནས་སམ་ཊ་དང་ཤོག་བུ་ལ་ཐིག་གདབ་ནས་ཡི་གེ་དབུ་ཅན་དང་དབུ་མེད་བཅས་སྦྱོང་སྐབས། ལི་ཁམ་ཛར་གསུམ་བློར་ངེས་གོམས་ཡོད་པར་སྦྱངས། ཡི་གེ་བྲི་དུས་འབྲི་མཁན་གྱི་ལུས་ཚུགས་དང་སྨྱུ་གུ་འཛིན་སྟངས་དང་འོད་སྣང་སོགས་ཤིན་ཏུ་གཟབ་གལ་ཆེ་བས།འཇུ་མི་ཕམ་གྱིས་གསུངས་པ་ལྟར། རང་ལུས་དགྱེ་སྒུར་རན་པས་འབྲི་བར་བྱ་སྟེ་དགྱེ་ཆེ་ན་ཡི་གེ་མི་འགྲིག སྔོན་དུ་སྒུར་དྲག་ན་ལུས་ཁམས་ལ་གནོད་པས་རང་གི་སྔོན་དུ་ཤོག་བུ་བཞག་ནས་བྲིས་ན་ཤིན་ཏུ་བདེ། ཅོག་ཙེ་སོགས་ཆ་རྐྱེན་མེད་ན་རང་གི་པུས་མོ་གཡོན་པའི་འོག་ཏུ་སྔས་སོགས་བཅུག་ནས་བྲིས་ནའང་ཡི་་གེ་ལེགས་པོ་འོང་བ་དང་སྒྲོན་མེ་དང་གློག་སྒྲོན་སྐར་ཁུང་སོགས་གཡས་སུ་ཡོད་ན་མགོ་དང་ལག་པའི་གྲིབ་མས་སྒྲིབ་པར་མི་བདེ་བས། འོད་གསལ་བའི་ཕྱོགས་སུ་གཡོན་ཕྱོགས་གཏད་པའམ་ཡང་ན་སྔོན་ནས་བལྟས་ནའང་བཟང་བར་བཤད་ལ། ཆ་རྐྱེན་ཡག་པོ་ལྡན་ན་སྤྱི་གཙུག་གི་ཐད་དུ་ཤེལ་གྱི་རྒྱ་མཐོངས་ཤིག་ཕུད་ན་སྔ་ཕྱི་དྲོའི་འོད་ལ་འགྱུར་བ་མེད་པར་གསལ་ཆ་ཆེ་བས། རང་ལུས་སོགས་ཀྱིས་མི་སྒྲིབ་པའི་ཡོན་ཏན་དུ་མ་དང་ལྡན་པ་ཡིན་ལ། འཁྱུག་ན་རོ་ལ་ཡོད་དགོས། གཉེན་ཞབས་ཀྱུ་ལ་ཡོད་དགོས། །མཛེས་ར་བཏགས་ལ་ཡོད་དགོས། །ཚིག་བར་ཅན་ལ་ཤད་བར་རིང་དགོས། ར་བཏགས་མར་ལ་སེན་རྗེས་བཞག་འདྲ་དགོས། ཡ་བཏགས་ཁྲབ་བྱང་གཤིབ་འདྲ་དགོས་ཞེས་སོ། །

བྲིས་གཟུགས་ཡག་པོ་མ་བྲིས་པའི་སྐྱོན།

   དེ་ཡང་མི་འགའ་རེས་དབུ་ཅན་དང་དབུ་མེད་ཀྱི་དབྱེ་འབྱེད་བྱེད་མི་ཐུབ་པ་དང་། འཐེན་ཚུལ་གྱི་གོ་རིམ་འཛོལ་བ། ཆེ་ཆུང་ཆ་མི་མཉམ་པ།འབྲི་གཞི་ངོས་མི་གཙང་བ། ཡིག་གཟུགས་ལ་སྒྲོས་ཉམས་མེད་པ་སོགས་ཀྱི་སྐྱོན་འབྱུང་ངེས་ཡིན་པས་ཀུན་གྱིས་གཟབ་དགོས་ཤིང་། སྲིད་པ་རྒན་པོ་ཚོས།བྲིས་ངན་མི་ཡིས་མི་ཆོད། ། ཞག་གསུམ་འགོར་ན་རང་གིས་མི་ཆོད། །ཅེས་གསུངས་པ་དང་། ཁམས་པའི་གཞས་ཚིག་ལས། ཆུང་འདྲེས་བྱམས་པས་སྐུར་བའི། །ཡིག་ཆུང་ཨ་ཀྱོག་པ་ཀྱོག ། རང་གིས་བལྟས་ན་མི་ཤེས། །།མི་ལ་བསྟན་ན་ངོ་ཚ། །ཞེས་གསུངས་པ་དང་། ཡང་འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད་ལས། ཡིག་གཟུགས་མི་ཤེས་སྐྱེ་བོ་དེ། བོང་བུ་ཀེར་ལངས་ཡིན་པར་ཤེས། །གཟུགས་མཛེས་མེད་པའི་ཡི་གེ་དེ། །དུད་འགྲོའི་ཡི་གེ་ཤེས་པར་བྱ། ། དྲང་པོ་མེད་པའི་ཡི་གེ་དེ། །སྨྱོན་པའི་ཡི་གེ་ཤེས་པར་བྱ། །ཁྲེལ་གཟུགས་མེད་པའི་ཡི་གེ་དེ། །གླེན་པའི་ཡི་གེ་ཤེས་པར་བྱ། །སྡེབ་སྦྱོར་མེད་པའི་ཡི་གེ་དེ། །འབྱུང་པོའི་ཡི་གེ་ཤེས་པར་བྱ། །ལྷག་ཆད་ཅན་གྱི་ཡི་གེ་དེ། །ལྟས་ངན་ཡི་གེ་ཤེས་པར་བྱ། །ཞེས་དང་། བྲིས་ངན་ལ་སྐྱོན་ཧ་ཅང་མང་སྟེ། བྲིས་དཔེ་ལས། ཞྭ་ནི་མི་ཆེ་ཆར་མི་ཁོག །རྐང་ནི་མི་རིང་ཆུ་མི་འབོགས། །ལྟོ་བ་མི་ཆེ་མུ་གེ་མེད། །ཉེས་ནི་མ་བྱས་མིག་མ་བཅར། །ཡིག་འབྲུ་ཚོན་བཤའ་མི་དགོས། ། ཁྱིམ་མཚེས་དག་ལ་གནོད་མ་བྱེད། །ཅེས་དང་། ས་པཎ་གྱིས། སྲིན་བུ་དག་གིས་ཟོས་པའི་རྗེས། །ཡི་གེ་བྱུང་ཡང་ཡིག་མཁན་མིན། ། ཞེས་གསུངས་པ་ལྟར་ཤེས་པར་བྱ་དགོས་སོ། །

བྲིས་གཟུགས་སྦྱོང་སའི་ཆ་རྐྱེན་ཡོ་བྱད་འགའ།

   དེ་ཡང་བྲིས་སྦྱོང་སའི་ཆ་རྐྱེན་ནི་སམ་ཊ་དང་ཤོག་བུ། སྨྱུག་མའི་སྨྱུ་གུ།ལྕགས་སྨྱུག   པིར་སྨྱུག་སོགས་ཡོད་དགོས་ལ། སྨྱུག་གྲི་དང་བརྡར་རྡོ། ཐིག་ཤིང། སྣག་ཚདང་སྣག་བུམ། གཞན་ཡང་མཚལ་བུམ་དང། ཞ་སྨྱུག་སོགས་མཁོ་བའི་ཡོ་བྱད་ཀྱི་རིགས་རྣམས་གྲ་སྒྲིག་ཡག་པོ་བྱེད་དགོས། བྲིསདཔེ་ཡང་ཚད་དང་ལྡན་ཞིང་ཡིག་ནོར་མེད་པའི་བྲིས་དཔེ་ཞིག་ངེས་པར་དུ་ཡོད་དགོས་པ་ཡིན་ནོ། །

ཡིག་གཟུགསའབྲི་སྟངས་དགེ་རྒན་ལས་བསླབ་ཚུལ།

   དེ་ཡང་ཡིག་གཟུགས་སྦྱོང་རྒྱུ་ལ་མོས་པ་ཡོད་མཁན་ཚོས་ཐོག་མར་བྲིས་རྒྱུན་ཡག་པོ་ཡོད་མཁན་གྱི་དགེ་རྒནམཁས་པ་ཞིག་ཡུན་རིང་བསྟེན་ནས་དེའི་ཇི་ལྟར་བསླབས་པ་བཞིན་འབྲི་བར་བྱ་སྟེ། བྲིས་གཟུགས་འབྲི་སྐབས་འཐེན་ཆ་ནི་ཤིན་ཏུ་གལ་ཆེ་ཞིང་། གཡས་ནས་གཡོན་དུ་འཐེན་དགོས་པ་དང། གཡོན་ནས་གཡས་སུ་བསྐོས་དགོས་པའི་རིགས་ལ། རང་རང་གིས་ཅི་བདེར་བྱས་ན།རྗེས་སུ་ཡིག་གཟུགས་ལད་པའི་སྐྱོན་འབྱུང་བས། སློབ་དཔོན་གྱི་ཕྱག་རྒྱུན་མ་ནོར་བའི་སྒོ་ནས་སྦྱང་བརྩོན་བྱེད་དགོས་ཏེ། པོད་གཅིག་བྲིས་པ་འབྱུཛ་བ་ས་ལ་སྦོས། །པོད་གཉིས་བྲིས་པ་འབྱུང་བ་ཆུ་ལ་སྐྱུར། ། པོད་གསུམ་བྲིས་པ་འབྱུངབ་མེ་ལ་སྲེག པོད་བཞི་བྲིས་པ་འབྱུང་བ་རླུང་ལ་བསྐུར། །པོད་ལྔ་བྲིས་པ་སློབ་དཔོན་སྤྱན་སྔར་ཕུལ། །ཞེས་གསུངས་པ་ལྟར་དུ་པོད་ལྔ་ཙམ་བྲིས་ཚར་རྗེས་ད་གཟོད་བྲིས་མཁན་ཞེས་མིང་ཐོབ་པར་འགྱུར་བས་བྲིས་ཀྱི་སློབ་དཔོན་ཡག་པོ་ཞིག་ངེས་པར་དུ་བསྟེན་དགོས་ཤིང་། བྲིས་ཀྱི་སྦྱོང་ཡུན་ནི།བྲིས་རབ་ལོ་དྲུག་དང་ལྷ་རབ་ལོ་གསུམ་ཞེས་བཤད་སྲོལ་ལྟར་ཡིན་ནོ། །

ཡིག་གཟུགས་འཕྲེད་ཐིག་བཞི་ལ་བརྟེན་ནས་འབྲི་ཚུལ།

   དབུ་ཞེང་མཁའ་ནས་འཕྲེད་དུ་བཞི། །མཆེ་བ་མཁའ་ནས་བར་སྣང་བཀུག ། དབུས་ལག་མཁའ་ནས་རི་རྩེར་ཕབས། །ཞབས་གཡོན་མཁའ་ནས་ས་གཞིར་བརྐྱང་། །རྐང་ལག་རིམ་ཕྲ་ཀ་ཉིད་གྲུབ། །ཅེས་སོགས་ཀྱི་འབྲུ་བཤད་རེ་རེ་བཞིན་ཡོད་ཀྱང་། ། ཚིག་ཉོབ་མང་བས་འདིར་མ་བྲིས་ལ། །གཙོ་བོ་ཐིག་རིས་ལས་ངེས་པར་རྟོག་ཐུབ་པས་སོ། །གནམ་སའི་བར་ན་བཞུགས་པ་དགུ དེ་ལྷག་རི་བོའི་རྩེ་ལ་བཞུགས།ཞབས་ཀྱི་ཚད་ལ་ཆ་བཞི་དང་། སྐུ་ཡི་ཚད་ལ་ཆ་ལྔའོ། ཞེས་པས་ཀ་ཁ་ག་ཉ་ཏ་ད་ན་ཞ་ཤ་བཅས་དགུ་ནི་བཞེངས་སྟབས་ཅན་ཏེ། ཆ་ཆུང་བཞི་པའི་རྐང་པ་ཅན་དང་། དེ་ལྷག་ཉེར་གཅིག་ནི་བཞུགས་པ་ཅན་ཏེ་ཆ་ཆུང་ལྔ་པའོ། །ཤད་གཟུགས་རིང་པོ་ཅན་ལ་བཞེངས་པ་དང་། ཐུང་ངུ་ཅན་ལ་བཞུགས་པ་ཞེས་པའི་ཐ་སྙད་དོ། དབུ་ཞེང་རྒྱས་པ་རྣམ་པ་བདུན། དེ་ལྷག་དབུ་ཞེང་ཆུང་ངུའོ། །ཞེས་པས་ཀ་ཁ་ག་ང་ཅ་ཚཏ་རྣམས་མགོ་སྐད་རིང་པོ་ཅན་དང་། དེ་ལྷག་རྣམས་ཐུང་ངུ་ཅན་གསུངས། མཐོ་བའི་གདན་ལ་བཞུགས་པ་བཞི། དེ་ལྷག་དམའ་བའི་གདན་དུའོ། ཞེས་པས་ཀ་ཁ་ག་མ་བཞི་ལ་ཡ་བཏགས་མཐོ་སར་སྦྱར་ཞིང་། དེ་ལྷག་དམའ་སར་སྦྱར་བ་དང་། ཁྲི་དཔངས་མཐོ་ལ་བཞུགས་པ་དྲུག དེ་ལྷག་དམའ་བའི་ཁྲི་ལའོ། ཞེས་པས་ཀ་ཁ་ག་མ་ས་ཧ་རྣམས་ལ་ར་བཏགས་མཐོ་སར་སྦྱར་ཞིང་། དེ་ལྷག་དམའ་སར་འདོགས་པ་ཡིན། ཡབ་རྣམས་མཁའ་ལ་ཡུམ་བར་སྣང་། ཁྲི་གདན་ས་གཞིའི་དཀྱིལ་དུའོ། །ཞེས་པས་ལ་མགོ་ཅན་སོགས་ཡི་གེ་བརྩེགས་མ་ཡོད་པའི་རིགས་རྣམས།སྟེང་མ་ཅུང་ཟད་དཔངས་དམའ་བར་བྱས་ལ་འོག་གི་ཡ་བཏགས་ཞབས་ཀྱུ་དང་བཅས་པ་ཆ་ཆུང་དགུའི་ནང་དུ་ཆུད་དགོས་པའི་དོན་ནོ།རྒྱུ་སྒྲུ་དྷ་ལྟ་བུའོ།། བླ་བྲེ་གདུགས་དང་རྒྱལ་མཚན་རྣམས། མཁའ་དབྱིངས་གོང་དུ་མཛེས་པར་བཀྲམ། ཞེས་པས་ན་རོ་དང་། འགྲེང་བུ། གི་གུ་རྣམས་ཐིག་ཁོངས་སུ་ཚུད་མི་དགོས་པའི་དོན་མཚོན་པ་ཡིན་ནོ།།

དེ་ལ་ཐིག་གི་ལག་ལེན་མི་འདྲ་བའི་པར་འགའ་རེ་འདུག་ཀྱང་། ཡིག་གཟུགས་ནི། ཤ་ཚུགས་དང་རུས་ཚུགས་ཞེས་རྒྱགས་པ་དང་སྐེམས་པའི་རྣམ་པ་ཙམ་ལས་ཆ་ཚད་མི་འདྲ་བ་མེད་པས། ཐོག་མར་ཐིག་ནི། ནམ་མཁའི་དབྱིངས་དང་བར་སྣང་ཁམས། རི་བོའི་རྩེ་དང་ས་གཞིའི་མཐིལ། འཕྲེད་ཐིག་བཞི་དང་བར་སྟོང་གསུམ། བར་སྟོང་གོང་འོག་མདའ་དང་མདུང་། བར་མ་མདེའུ་ཚད་ཅན་ཏེ། རིམ་པ་དགུ་རུ་ཕྱེ་ཞེས་གསུངས་པ་ལྟར་རོ། །