该插件不受支持
བོད་མདོ་དབུས་ཁམས་གསུམ་གྱི་བྲིས་པ་ཚོས་མཁས་དབང་དོན་གྲུབ་རྒྱལ་ལགས་
སྐུ་གཤེགས་ནས་ལོ་འཁོར༣༡ལོན་པར་རྗེས་དྲན་བྱས་པ།
མཐོ་སྒང་གི་སྐར་མ་འོད་ཆེན། དྲན་ཤིང་གི་ཨ་ཡིག་དཀར་བོ།
ཁོང་ནི་དེང་རབས་བོད་ཀྱི་རྩོམ་རིག་གི་མཁའ་དབྱིངས་སུ་རྟག་ཏུ་འཚེར་བའི་སྐར་མ་འོད་ཆེན་ཞིག་ཡིན་ཞིང་། ཁོང་གི་མི་ཚེའི་བརྒྱུད་རིམ་དང་བློ་གྲོས་ཀྱི་རྩལ་ནི་ཧ་ཅང་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། དེ་བཞིན་དུ་ཁོང་གི་རྩོམ་རིག་བརྩམས་ཆོས་ལའང་གསར་གཏོད་ཀྱི་རང་བཞིན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། རིག་གཞུང་ཞིབ་འཇུག་ཐད་གྲུབ་འབྲས་མངོན་གསལ་བླངས་ཤིང་། བོད་ཀྱི་དེང་རབས་རྩོམ་རིག་གི་གར་སྟེགས་སྟེང་གསར་རྩོམ་གྱི་གར་སྟབས་ཐུན་མོང་མ་ཡིན་པ་ཞིག་བསྒྱུར་བ་དང་། ཁོའི་ཤིན་ཏུ་ཐུང་བའི་མི་ཚེའི་ཤོག་བྱང་ངོས་སུ་ཕུལ་དུ་བྱུང་བའི་རྩོམ་རིག་གི་གྲུབ་འབྲས་བླ་མེད་ཐོབ་ཡོད།
ཁོང་སྤྱི་ལོ1961ལོར་ཕ་ཡུལ་གྱི་སློབ་ཆུང་དུ་ཞུགས་ནས་སློབ་སྦྱོང་བྱེད་པའི་མགོ་བརྩམས། སྤྱི་ལོ1964ལོར་རྨ་ལྷོ་ཁུལ་དགེ་འོས་སློབ་གྲྭར་ཞུགས་ཤིང་སློབ་མཐར་ཕྱིན་ཏེ། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ལས་ཀར་ཞུགས། སྤྱི་ལོ1971ལོར་ཀྲུང་དབྱང་མི་རིགས་སློབ་གླིང་སྐད་ཡིག་རྩོམ་རིག་ཚན་ཁག་གི་བོད་རྒྱའི་ཡིག་བསྒྱུར་ཆེད་ལས་སུ་ཞུགས་ཏེ་སློབ་སྦྱོང་བྱས་ཤིང་། སྤྱི་ལོ1975ལོར་མཐར་ཕྱིན་ནས་ཕྱིར་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ལ་ལོག་སྟེ་ཕྱག་ལས་གནང་།
སྤྱི་ལོ1985ལོའི་ཟླ11པའི་ཚེས29ཉིན་རྩོམ་རིག་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་ལ་གསེར་ལྟར་དཀོན་པའི་མཁས་དབང་འདི་ཉིད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་དུ་དགུང་ལོ་སོ་གཉིས་སྟེང་སྐུ་གཤེགས་པས་འདི་ནི་བོད་ཀྱི་རྩོམ་རིག་གསར་བའི་གར་སྟེགས་སྟེང་གི་གོད་ཆག་ཅིག་ཏུ་གྱུར།
སྤྱི་ལོ1978ལོར་ཀྲུང་དབྱང་མི་རིགས་སློབ་གླིང་བོད་ཀྱི་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་ནས་འཕྲོད་ཅིང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དགེ་རྒན་དུ་བསྟེན་ནས་བོད་ཀྱི་རིག་གཞུང་སྤྱི་དང་ཁྱད་པར་དུ་གནའ་རབས་བོད་ཀྱི་རྩོམ་རིག་ལ་སྦྱངས་བརྩོན་མཛད། ཁོང་གི་སྦྱངས་འབྲས་ལེགས་ཤིང་རྣམ་དཔྱོད་ཕུལ་དུ་བྱུང་བར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ཀྱང་བསྟོད་བསྔགས་དང་གཙིགས་ཆེན་མཛད་ལ། སྤྱི་ལོ1981ལོར《བོད་ཀྱི་མགུར་གླུའི་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་རིག་པའི་ཁྱེའུ་རྣམ་པར་རྩེན་པའི་སྐྱེད་ཚལ》ཞེས་པའི་དཔྱད་རྩོམ་བྲིས་ནས་ཧྲོ་ཧྲིའི་མིང་བཏགས་བླངས་ཤིང་སློབ་གྲྭ་དེར་དགེ་རྒན་གྱི་ཕྱག་ལས་གནང་། སྤྱི་ལོ1983ལོར་མཚོ་སྔོན་ཞིང་ཆེན་ཆབ་ཆ་གྲོང་རྡལ་དུ་ཡོད་པའི་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭར་ཕེབས་ནས་དགེ་རྒན་གྱི་ལས་ཀ་མཛད།
|