ཐོག་མར་རང་རེའི་རྒྱལ་ཁབ་དང་ང་ཚོ་མི་རིགས་གང་ཞིག་གི་ཕྱིའི་རྣམ་པའི་ཆ་རྐྱེན་དང་ནང་བསམ་བློའི་ཀུན་སྤྱོད་སོགས་བཟང་པོའི་ལམ་དུ་ཁྲིད་དགོས་པ་བྱུང་ན། ཐོག་མ་ཉིད་ནས་ཁ་འབྲལ་ཐབས་མེད་པའི་བྱ་བ་ཉག་གཅིག་ནི་སློབ་གསོ་རིག་པ་འདི་ཉིད་རེད། དེའང་བོད་ཀྱི་སློབ་གསོའི་བྱ་བ་འདི་ལོ་ཆུང་བྱིས་པ་དང་ཕ་མའི་ཉེ་ལོགས་ནས་རིམ་གྱིས་སློབ་ཆུང་ནས་འགོ་འཛུགས་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་གཞི་རིམ་སློབ་གསོའི་བྱ་བ་དེའང་མཐར་གཏུགས་ན་འབྲི་ཀློག་ཡོན་ཏན་གཉིས་ཀྱི་སྟེང་ལ་རྐང་མ་ཚུགས་རང་ཚུགས་ཤིག་ཆགས་ཡོད་པ་རེད། དེ་བས་སྔོན་བྱོན་མཁས་དབང་རྣམས་ཀྱིས"འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི།། དང་པོ་ཉིད་ནས་འདི་ལ་འབད་པར་གཅེས།།"ཞེས་ལེགས་པར་བཤད་པའི་གཏམ་འདིས་ང་ཚོའི་གཞི་རིམ་སློབ་ཆུང་གི་བོད་སྐད་ཡིག་སློབ་ཁྲིད་ཀྱི་དམིགས་ཚད་བསྟན་ཡོད་པ་ཤེས་ཐུབ། དེ་ལས་གཞི་རིམ་སློབ་ཆུང་གི་བོད་སྐད་ཡིག་གི་ཡིག་གཟུགས་དག་ཆ་ཐད་ནས་དགེ་རྒན་རང་ཉིད་བྲིས་ལ་ཞན་པ་དང་འབྲི་ཚུལ་གྱི་ཉམས་མྱོང་མི་འཛོམས་པ། ཡང་ན་འབྲི་ཚུལ་ཆོས་ཉིད་ལ་མི་མཁས་པ་དང་སློབ་མའི་ཡིག་གཟུགས་ལེགས་པོ་མི་ཡོང་བའི་རྒྱུ་རྐྱེན་ལ་མི་དཔྱོད་པའམ་དེ་ཉིད་ལེགས་པོ་གཏོང་བའི་ཐབས་ལ་རྨོངས་པ་སོགས་ཀྱིས་ད་དུང་སློབ་ཆུང་སློབ་མའི་ཡིག་གཟུགས་ཀྱི་མཛེས་ཉམས་དང་དག་ཆ། འབྲི་ཚུལ་ཆོས་ཉིད་སོགས་ལ་འཕེལ་མེད་ནོར་འཛོལ་ཡང་ཡང་འབྱུང་བཞིན་འདུག སྤྱིར་གཞི་རིམ་སློབ་ཆུང་གི་བོད་སྐད་ཡིག་གི་དགེ་རྒན་ཞིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཐོག་མ་ནི་འབྲི་ཀློག་ཡོན་ཏན་གཉིས་ལ་བྱང་ཆུབ་པ་ཞིག་ཡིན་ན་འགྲིག་གི་བསམ། གལ་ཏེ་དགེ་རྒན་རང་ལ་ནང་ཡོན་ཏན་དང་གཏམ་ཁ་ལྕེ་ཇི་འདྲ་འཛོམས་ནའང་འབྲི་ཀློག་གཉིས་ཀྱི་ཡོན་ཏན་ལ་མ་མཁས་ན་དམིགས་དབེན་ཐབས་བཀོད་མེད་པའི་དམག་རྒྱག་གྲ་སྒྲིག་ཞིག་དང་ཨ་ན་མ་ན་རེད། དེ་ཡིན་ཙང་གཞི་རིམ་སློབ་ཆུང་གི་བོད་སྐད་ཡིག་དགེ་རྒན་རྣམས་ཀྱིས་བོད་ཀྱི་ཡི་གེའི་སོ་སོའི་ཀློག་སྟངས་ཡང་དག་པ་དང་འབྲི་སྟངས་ཀྱི་ཆོས་ཉིད་རྒྱུན་གཙང་ཁུངས་ལྡན་ཞིག་ཤེས་དགོས་པའི་རྨང་གཞིའི་ཐོག་ལག་ལེན་བཀོལ་སྤྱོད་བྱེད་ཐུབ་པ་དགོས། འོ་ན་ཁོ་བོས་ལོ་ངོ་གཅིག་རིང་ལ་སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་བྱས་པའི་ཉམས་མྱོང་ཁྲོད་སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་ཡིག་གཟུགས་ལེགས་པོ་མི་ཡོང་བའི་རྒྱུ་རྐྱེན་མང་པོ་ཞིག་ཤེས་རྟོགས་བྱུང་ནའང་འདིར་སློབ་མའི་ཡི་གེ་འབྲི་བའི་ལུས་པོའི་སྡོད་ཚུགས་ནི་ཧ་ཅང་གལ་ཆེ་སྟེ། ཡི་གེ་འབྲི་བའི་ལུས་པོའི་སྡོད་ཚུགས་དྲང་ཞིང་རན་པོ་བྱུང་ན། ཡི་གེ་འབྲི་བའི་ཐོག་མའི་ཆ་རྐྱེན་ལ་ཁག་ཐེག་བྱེད་ཐུབ་པ་མ་ཟད། ཡི་གེ་འབྲི་བའི་རྩལ་ནུས་དང་ཆུ་ཚད་མཐོར་འདེགས་གཏོང་ཐུབ་པ་ཡིན།
གཞན་ཡང་ན་ཆུང་བྱིས་པ་ཚོའི་ལུས་ཕུང་དབང་བོའི་སྐྱེ་འཕེལ་སྙོམས་སྒྲིག་ལ་སྐུལ་འདེད་དང་མིག་གི་ཉེ་མཐོང་ནད་དང་སྒལ་ཚིགས་འཁྱོག་གཡོ་སོགས་ཀྱི་ནད་རིགས་ཀྱང་སྔོན་འགོག་བྱེད་ཐུབ་པ་ཡིན། དེའང་བྱེ་བྲག་གི་དོན་འགའ་ལ་མཉམ་འཇོག་བྱེད་དགོས་པ་ཡིན། མགོ་བོ་དྲང་དགོས། མགོ་བོ་དང་ངོ་གདོང་དྲང་མོ་བྱེད་པ་ལས་ཡ་ཡོ་འཁྱོག་པོ་བྱ་མི་རུང་། ངོ་གདོང་མདུན་དུ་གཏད་དེ་མདུན་ལྕོག་སྟེང་གི་ཤོག་ངོས་སུ་ལྟ་དགོས་པ། ཤོག་ངོས་དང་ཁྲི་ཙེ་གཅིག་ཙམ་གྱི་བར་ཐག་ཡོད་དགོས། ལུས་པོ་དྲང་དགོས། ལུས་སྟོད་དགྱེས་སྒུར་དང་གཡས་བསྙེས་གཡོན་གཟུར་སོགས་མི་བྱེད་པར་དམ་ལྷོད་འཚམ་པོས་དྲང་མོར་བཙོག་དགོས་པ། བྲང་གཞུང་དང་ཅོག་ཙེ་བར་ལ་ལག་པའི་ཁུ་ཚུར་གཅིག་ཆུད་པ་ཙམ་བྱས་ན་ཡག་པོ་རེད།ཕྲག་པ་དོ་མཉམ་དགོས། ཕྲག་པ་གཉིས་དྲང་ཞིང་སྙོམས་པོ་ཡིན་དགོས་པ་ལས་མཐོ་དམའ་ཤོར་མི་རུང་།ཕྲག་སྣེ་འདོང་འདོང་བྱེད་པ་དེ་བས་ཀྱང་མི་མཛེས་པ་ཡིན། ལག་པའི་གྲུ་མོ་གཉིས་ཀྱང་བག་ཕེབས་ལྷོད་གཡེང་གིས་ཅོག་ཙེའི་ངོས་ལ་ཆ་སྙོམས་པོས་ཕབ་དགོས་པ་དང་། གཡོན་ལག་གི་མཛུབ་མོ་ལྔ་བོ་མཐར་བཅད་ནས་བྲི་གཞི་ཤོག་བུ་སྙོམས་པོར་མར་མནོན་པའམ་བརྟན་པོར་མི་འགུལ་བ་ཞིག་བྱ་དགོས་ལ། གཡས་ལག་གིས་སྨྱུ་གུ་འཛིན་པ་དང་ལྷན་དུ་ལག་པའི་མཛུབ་ཆུང་ཟུར་ངོས་ཀྱིས་ཡི་གེ་འབྲི་བའི་གོམ་འགྲོས་དང་བསྟུན་ནས་བྲི་ཤོག་སྙོམས་པོར་འདིང་བའམ་སྨྱུག་ལམ་བཏོད་དགོས་པ་ཡིན། རྐང་བ་བདེ་ཞིང་སྙོམས་དགོས་པ་དང་། རྐང་བ་གཉིས་རང་བཞིན་གྱིས་ས་ངོས་སུ་སྙོམས་པོར་འཇོག་དགོས་པ་དང་རབ་ཡིན་ན་རྐང་པ་གཉིས་ཕྲག་པའི་ཁོད་རྒྱ་དང་དོ་མཉམ་པར་སོ་སོར་དབྲལ་ན་དགེ་མཚན་ཤིན་ཏུ་ཆེན་པོ་ཡོད། སློབ་མས་ལས་བྱ་འབྲི་བའི་གནས་ཚུལ་ལ་ཞིབ་པར་བརྟགས་ན་མང་ཤས་ཀྱིས་འབྲི་དེབ་འོག་ཏུ་དཔེ་ཆ་བརྩེགས་ནས་ངོས་མི་སྙོམས་པ་དང་། འབྲི་དེབ་བྲང་ངོས་གཡས་ཀྱི་ནུ་མའི་དྲང་ཐད་དུ་མི་འཇོག་པར་གཡས་གཟུར་གཡོན་བསེག་གི་གོ་རིམ་འཆོལ་བ། དེ་ལས་ཀྱང་ཚབས་ཆེ་བ་ནི་སློབ་མའི་སྨྱུ་གུ་འཛིན་སྟངས་ལ་ཡང་དག་པའི་གཅིག་གྱུར་གྱི་མཛུབ་སྟོན་མེད་པའི་ཁར་དབུ་མེད་འབྲི་སྤྱད་ཀྱིས་དབུ་ཅན་ཡི་གེ་འབྲི་བའི་སྣང་ཚུལ་ཡང་རྒྱུན་མཐོང་ཡིན། ཡི་གེ་འབྲི་བའི་ནོར་འཛོལ་ལོག་ལམ་དུ་འཁྱམ་པའི་སྣང་ཚུལ་འདི་དག་ནི་ཁྲིད་སྟོན་དགེ་རྒན་གྱིས་ཡིག་གཟུགས་མ་ཤེས་པའི་ཉེས་དམིགས་དང་དུས་རྒྱུན་གྱི་སློབ་ཁྲིད་བྱེད་པའི་གོ་རིམ་ནང་བྱིས་པའི་རྣམ་ཤེས་འཚར་ལོངས་ལ་སྦྲུམ་པའི་ཡིག་གཟུགས་སློབ་གསོའི་རིན་ཐང་གི་འགན་འཁྲི་དོར་བ་མ་ཟད། ཡིག་གཟུགས་རིག་གནས་ཉམས་བྱེད་ཀྱི་ནད་ཡམས་ཤིག་ཏུའང་ངོས་འཛིན་བྱེད་ཆོག་པར་སྙམ།
བོད་ཡིག་དགེ་རྒན་གྱི་ཡིག་གཟུགས་ཤེས་བྱ་དང་དེའི་སྦྱངས་གོམས་ཀྱི་འབྲི་རྩལ་རྨང་གཞི་བརྟན་པོ་ཞིག་ངེས་པར་དུ་དགོས་ཏེ་ང་ཚོའི་སློབ་མ་རྣམས་ཀྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཐད་དགེ་རྒན་བཟང་པོའི་འཆད་ཁྲིད་ལས་འཐོབ་པ་ཡིན་ལ། དགེ་རྒན་གྱི་བློ་གྲོས་ནི་མཛད་མཐའ་མེད་པའི་བསམ་བློའི་ཀུན་སྤྱོད་དང་སྣ་མང་རིག་གནས་ཀྱི་བང་མཛོད་ལྟ་བུའམ་ཡང་ན་ཕུ་ཆུ་བསགས་པའི་དྭངས་གཙང་སྔོ་ལྗང་ལྟེམ་མེར་འཁྱིལ་བའི་རྫིང་བུ་ཞིག་དང་ཀུན་ནས་མཚུངས། རྫིང་བུ་ཡོད་པས་གཞི་ནས་ཕུ་ཆུ་དྲངས་ཏེ་ས་ཞིང་གཤིན་པོར་བརླན་བཤེར་འཚོ་བཅུད་འཛོམས་ཐུབ་པ་དེར་རྣམ་དཀར་དགེ་བའི་གྲོ་ནས་ས་བོན་གང་བཏབ་ཀྱང་སྐྱེས་སྟོབས་ཀྱི་ལང་ཚོའི་དཔལ་ཡོན་རྣམ་པར་བཞད་ཐུབ་པ་དེ་བཞིན་དུ་སྐལ་ལྡན་གྱི་སློབ་བུ་རྣམས་ཀྱིས་རིག་པའི་ཤེས་བྱ་གང་ཞིག་བསླབ་པར་མོས་ཀྱང་རིག་པ་དོན་གཉེར་དང་། བསམ་བློའི་ཀུན་སྤྱོད་ལེགས་པར་འཛོམས་པའི་འབྲི་ཀློག་ནང་བྱན་ཆུད་པའི་དགེ་རྒན་ཚད་ལྡན་ཞིག་ལ་བསྟེན་དགོས་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད། བྱིས་པ་གང་ཞིག་འཚར་ལོངས་འབྱུང་བའི་གོ་རིམ་ནང་ཕ་མའི་དུས་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་དང་མི་ཚེའི་ལྟ་བ་དང་འཇིག་རྟེན་ལྟ་གྲུབ་སོགས་ཡང་དག་པའི་ཁྱིམ་ཚང་སློབ་གསོ་དང་དགེ་སློབ་ཟུང་འབྲེལ་གྱི་སློབ་ཁྲིད་སློབ་གསོའི་ཁོར་ཡུག་འདི་དག་གིས་དྲང་ལྡོག་གཉིས་ཀྱི་ལམ་ནས་བྱིས་པར་བག་ཆགས་དང་ཤུགས་རྐྱེན་བཟང་ངན་གང་རུང་ཐེབས་བཞིན་ཡོད་པ་མངོན་གསལ་རེད། དེ་བས་"ཕ་མ་བཟང་བའི་བྱིས་པ་དང་དགེ་རྒན་བཟང་བའི་སློབ་མ"ཟེར་བའི་ཤོད་སྲོལ་འདི་བྱུང་བ་རེད། ཡང"སླ་ང་འགྲོགས་ན་གྲེ་ནག་དང་མཆོད་རྟེན་འགྲོགས་ན་དཀར་པོ"ཟེར་བའི་དཔེ་བཞིན་བྱིས་པ་ཞིག་གི་ཡང་དག་པའི་འཚར་ལོངས་ཀྱི་གོ་རིམ་ནི་ཁྱིམ་ཚང་སློབ་གསོ་དང་སློབ་ཆུང་སློབ་གསོའི་ཡང་དག་པའི་ཁོར་ཡུག་ལ་ནམ་ཡང་ཁ་འབྲལ་ཐབས་མེད། དེའང་ཞིབ་མོར་གཏུགས་ན་འཛིན་གྲྭའི་སློབ་སྦྱོང་གི་མཁའ་དབུགས་དང་། སློབ་ཁྲིད་དགེ་རྒན་གྱི་མི་གཞིའི་བསམ་བློ་དང་འབྲི་ཀློག་ཡོན་ཏན་གྱིས་སྐལ་ལྡན་གྱི་སློབ་བུ་མང་པོ་ཞིག་ལ་དྲང་ལྡོག་གཉིས་ཀྱི་ལམ་ནས་མཛུབ་སྟོན་དང་ཤན་ཤུགས་ཐེབས་པ་ཞིག་ཡིན་ཙ་ན། ང་ཚོ་སློབ་གསོ་གཉེར་མཁན་གྱི་མི་བུ་གོང་འོག་བར་གསུམ་དང་བདག་གཞན་ཐུན་མོང་གིས་དོ་ཁུར་ཞིབ་ཚགས་གནང་དགོས་པའི་བྱ་བ་རླབས་པོ་ཆེ་ཞིག་ཡིན་པ་ཤེས་དགོས། དེང་སང་མི་བོ་ཁ་ཅིག་གིས་ཡིག་གཟུགས་རིག་གནས་འདི་ཉིད་བྱིས་པས་བྱ་བ་འཚོལ་བ་དང་དཔལ་འབྱོར་སྒོར་མོ་སོགས་ལ་འབྲེལ་བ་མེད་སྙམ་པའི་དུས་ཚོད་འཕྲོ་བརླག་ལྟ་བུའི་བསམ་སྟངས་ཀྱིས་དོ་ཁུར་སྣང་མེད་བསྐྱུར་བཞག་གི་བསམ་སྟངས་ཐ་ཤལ་བའི་སྣང་ཚུལ་མཐོང་གིས་འདུག་ནའང་། ཉམ་ཆུང་སོབ་སོབ་ཏུ་གྱུར་ཟིན་པའི་མི་རིགས་ཤིག་གི་མཇུག་མཐའི་གསོན་སྟོབས་སྣ་གཅིག་པུ་ནི་སྐད་ཡིག་རིག་གནས་མིན་ན་གང་ཞིག་སྔུན་ལ་འཕངས་ཆོག་ཆོག་ཡིན། གཞན་ལ་ཐིམ་པའམ་གཞན་རིགས་འགྱུར་ཉེན་ཆེ་བའི་རང་རིགས་རིག་གནས་ཀྱི་བླ་རྐང་ཚང་རྩིས་དང་དེ་ཡིས་གྲུབ་པའི་མི་རིགས་ཤིག་གི་ཉམས་དམས་འཇིགས་ཉེན་སྐྱོབ་པའི་ཐབས་ལམ་ཡག་ཤོས་ནི་རང་རིགས་རིག་གནས་ཀྱི་སྤུས་དག་པའི་ཕ་སྐད་སློབ་གསོ་ཡིན་ལ། ལྷག་པར་དུ་སློབ་ཆུང་དགེ་རྒན་ཡོངས་ཀྱིས་སློབ་ཆུང་སློབ་གསོའི་འབྲི་ཀློག་ཡོན་ཏན་གྱི་ཟབ་ཡངས་ལྗི་བའི་རྨང་གཞིའི་རིག་གནས་ཀྱི་རིན་ཐང་ལྟ་བ་དང་སློབ་ཆུང་བོད་སྐད་ཡིག་གི་ཤེས་ཚད་དམིགས་ཚད་ངོ་མ་བོ་ཚོར་རྟོགས་ཐུབ་པ་བྱེད་དགོས། མི་རིགས་ཤིག་གི་འཚོ་གནས་དར་རྒུད་དང་སློབ་གསོ་བར་གྱི་གནས་སྟངས། སྐད་ཡིག་སློབ་གསོའི་འཆི་གསོན་དང་ཡིག་གཟུགས་སློབ་གསོའི་འཚོ་བཅུད་ཀྱི་རིན་ཐང་སོགས་སྔ་ཕྱིའི་རྒྱུན་མཐུད་རང་བཞིན་གྱི་རྒྱུ་འབྲས་གཏན་ཚིགས་ལ་ངེས་ཤེས་ཟབ་མོ་ཡོད་དགོས། སློབ་ཆུང་བོད་སྐད་ཡིག་གི་སློབ་གསོའི་སྒྲོམ་གཞིར་འབྲི་ཀློག་གཉིས་ཀྱི་ཤེས་བྱའི་གལ་ཆེན་རང་བཞིན་དང་དེ་ཇི་ལྟར་སློབ་པའི་ཐབས་ལམ་ཤེས་རྒྱུ་ནི་ཧ་ཅང་གནད་གྱི་དམ་པོ་རེད་ལ། དེ་དག་གི་ནང་སྙིང་མདོར་གྲིལ་ཚེ་ཚང་མས་ཡིག་གཟུགས་སློབ་གསོ་ནི་མི་རིགས་རིག་གནས་ཀྱི་སྲོག་ཏུ་ལྟ་ཤེས་རྒྱུ་དེའོ།། ༢༠༡༦ལོའི་ཟླ༥པའི་ཚེས༤ཉིན་ལ་བྱ་མདོ་ནས་བྲིས།
|