ཀན་ལྷོའི་བྲིས་པ་གཙོས་ཤེས་རབ་རྒྱ་མཚོ་མཚམས་སྦྱོར།
2016-06-12 01:06浏览数:1563 



     གཙོས་ཤེས་རབ་རྒྱ་མཚོའམ་དབྱངས་གོ་ཆ་ལགས་ནི་སྤྱི་ལོ་༡༩༨༠ལོར་མདོ་སྨད་ཁ་གྱ་ཚོ་དྲུག་གི་ཡ་གྱལ་གཙོས་དཔོན་འཁོར་ཚོ་བའི་ནང་དུ་འབག་རྒན་ཚང་ཞེས་པའི་རོང་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ལོ་དྲུག་ནས་སློབ་ཆུང་འགྲིམས་ཏེ་སློབ་མཐར་ཕྱིན་རྗེས་གཙོས་དགའ་ལྡན་ཆོས་གླིང་དུ་རབ་ཏུ་བྱུང་།  དེ་ནས་མ་ཧཱ་པཎྜི་ཏ་རྗེ་བློ་གསལ་རྒྱ་མཚོ་དང་དགེ་བའི་བཤེས་གཉེན་རྗེ་བློ་བཟང་ཤེས་རབ་རྣམ་གཉིས་ལ་བསྟེན་ཏེ་ཐུན་མོང་བ་སུམ་རྟགས་དག་གསུམ། སྒྲ་སྙན་རྩིས་གསུམ།  ཐུན་མོང་མ་ཡིན་པ་ཕར་ཚད་ཀྱིས་གཙོས་ནང་རིག་ལ་སྦྱངས་པ་བྱས་ཤིང་། ༡༩༩༦ལོར་ཀན་སུའུ་ནང་བསྟན་སློབ་གླིང་དུ་ཞུགས་ཏེ་སྔ་ཕྱིར་སློབ་གླིང་དེ་དང་བླ་བྲང་བཀྲ་ཤིས་འཁྱིལ་ནས་ལོ་ངོ་བདུན་ལ་ཡོངས་འཛིན་རྡོ་རྗེ་འཆང་རྗེ་༧འཇམ་དབྱངས་རྒྱ་མཚོ་ཚང་དང་དགེ་བའི་བཤེས་གཉེན་ཆེན་པོ་རྔ་བའི་གྲགས་པ་ཚང་།  སོག་པོའི་དགེ་བཤེས་བཀྲ་ཤིས་རྒྱ་མཚོ་ཚང་སོགས་བཤེས་གཉེན་བཅུ་ཕྲག་ལྷག་གི་མདུན་ནས་མདོ་སྔགས་རིག་གནས་སྤྱི་ལ་ཐོས་བསམ་བྱེད་པའི་ཞོར་དུ།  དགའ་ལྡན་བྲིས་གསར་ལ་ནང་བྱན་ཚུད་པའི་བཀྲ་ཤིས་འཁྱིལ་གྱི་ཡིག་མཁན་འགོ་ཚའི་རྒྱ་མཚོ་མཆོག་གི་ཐུགས་སྲས་རྗེ་དཀོན་མཆོག་རྒྱ་མཚོ་ཚང་གི་མདུན་ནས་ལོ་ངོ་བཞི་ལ་ཉེ་བར་དབུ་ཅན་གཙང་བྲིས། སུག་རིང་། འབྲུ་ཚ་སོགས་ཡིག་གཟུགས་སྤྱི་དང། ཁྱད་པར་དཔང་ལོ་ཙཱ་བའི་ཐུན་མོང་མ་ཡིན་པའི་ཕྱག་རྒྱུན་ཏེ་ལཉྫ་དང་ཝརྟུ་ལའི་བྲིས་རྒྱུན་རྣམ་པར་དག་པ་ལ་སྦྱངས། དུས་མཚུངས་སུ་དབལ་མང་ཡོངས་འཛིན་རྗེ་བཀྲ་ཤིས་རྒྱ་མཚོའི་མདུན་ནས་དབུས་བྲིས་སུག་རིང་དང་རྒྱུགས་བྲིས།  དྲུང་ཡིག་སྨོན་ལམ་ཚང་གི་དངོས་སློབ་ཚུལ་ཁྲིམས་རྒྱ་མཚོ་ལས་དབུ་ཅན། སུག་རིང་། འབྲུ་ཚ། ཚུགས་རིང་ཚུགས་ཐུང་བཅས་ལ་སྦྱངས།  གཙོས་དགའ་ལྡན་ཆོས་གླིང་གི་རིག་གནས་ཀུན་ལ་མཁྱེན་སྤྱན་ཡངས་པ་རྗེ་བློ་བཟང་ཤེས་རབ་ཚང་གི་མདུན་དུ་སྒོམ་ར་ཨ་ཁུ་ཚང་ནས་བརྒྱུད་པའི་ལཉྫ་དང་ཝརྟུ་ལའི་བྲིས་རྒྱུན་དང་ཁོང་གིས་གཙོས་དགོན་གྱི་དཔེ་རྙིང་ཁམས་བྲིས་ལག་བྲིས་མའི་དཔེ་མང་བོར་ཁུངས་བཅོལ་ཏེ་ཚུགས་ཐུང་ཁམས་བྲིས་མ་ལ་མཛུབ་ཁྲིད་དུ་མཛད་པའི་བཀའ་དྲིན་ཟླ་མེད་བསྐྱངས།  གཞན་ནང་བསྟན་སྐོར་གྱི་བརྩམས་ཆོས་དང་། སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་ཁག །རྒྱ་བོད་གཉིས་ཀྱི་སྐད་ལ་བསྒྱུར་པའི་བརྩམས་ཆོས་ཁག་མང་བོ་བརྩམས་ཤིང་།  དེ་དག་ལས་སྔ་ཕྱིར་དེབ་བཞི་ཙམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་སོགས་ནས་པར་བསྐྲུན་མཛད་ཡོད།  

  ༢༠༠༣ལོ་ནས་ཕྱིར་རང་དགོན་གཙོས་དགའ་ལྡན་ཆོས་གླིང་དུ་ཡོང་སྟེ་གཞུང་ཆེན་དག་ལ་གཙོ་བོར་འབད་ཞོར་རང་དགོན་དང་བིས་མདོ་ཟབ་མོ་དགོན།  གཙོས་བོད་རིགས་སློབ་ཆུང་དང་གཙོས་བོད་རིགས་སློབ་འབྲིང་། གཙོས་སློབ་འབྲིང་གསུམ་པ་བཅས་ནས་ཡོང་བའི་བྲིས་ལ་མོས་པ་ཆེ་བའི་སློབ་མ་དག་ལ་ཡིག་གཟུགས་སྣ་ཚོགས་ཀྱི་རྒྱུན་ཁྲིད་མུས་སུ་ཡོད་པ་མ་ཟད།  དེ་མིན་སློབ་ཆེན་དང་མཐོ་རིམ་ཞིབ་འཇུག་པར་རྒྱུགས་སྤྲོད་མཁན་གྱི་སློབ་མ་ཁག་ཅིག་ལ་སྙན་ངག་དང་ཚད་མ།  སྒྲ་རིག་པ་སོགས་ཁྲིད་པའི་ལས་ལ་གཞོལ་མུས་སུ་མཆིས།














ཁོང་གི་བརྩམས་ཆོས་འགྲེམ་སྟོན་ཁང་ལ་གཟིགས་འདོད་ན་འདི་མནོན།

会员登录
登录
我的资料
留言
回到顶部