༄༅༎ མཁས་མཆོག་མི་ཕམ་གྱིས། ཞྭ་ནི་མི་ཆེ་ཆར་མི་ཁོག །རྐང་ནི་མི་རིང་ཆུ་མི་འབོག །ལྟོ་བ་མི་ཆེ་མུ་གེ་མེད། །ཉེས་ནི་མ་བྱས་མིག་མ་བཅར། །ཡིག་འབྲུ་ཚོ་ན་བཤའ་མི་དགོས། ༼ལྷམ་ནི་རང་རང་ལུས་ཀྱི་ཚད།༽།ཁྱིམ་མཚེས་དག་ལ་གནོད་མ་བྱེད། ཅེས་གསུང་པ་ལྟར་ཐོག་མར་ཡི་གེ་འབྲི་ཐབས་ཀྱི་མན་ངག་རྐང་དྲུག་མ་ཁུང་དུ་ཆུད་པ་གལ་ཆེའོ།
༈ སྤྱིར་དབུ་ཅན་དབུ་མེད་གཉིས། ཧཱུྃ་དང་། བྷྲཱུྃ་གཉིས་འབྲི་ན་ཡིག་གཟུགས་ཀྱི་གནས་ཚད་ཧ་ལམ་རྟོགས་ཐུབ། དེ་ཡང་དབུ་ཅན་ལ་མཚོན་ན། ཧཱུྃ་རབ་སྒོམ་ཆེན་བཞུགས་འདྲའམ་པོ་ཏི་བརྩེགས་འདྲ། །ཧཱུྃ་འབྲིང་མི་རྒན་ལངས་འདྲ། །ཧཱུྃ་ཐ་མ་ཁྱི་རྒན་རྐུབ་ཚུགས་སུ་བསྡད་འདྲ། ཞེས་དང་། དབུ་མེད་ལ། བྷྲཱུྃ་མཆོག་རྒྱན་དགུས་སྤྲས་འདྲ། །བྷྲཱུྃ་འབྲིང་སྤྲང་པོ་ལང་འདྲ། །བྷྲཱུྃ་ཐ་མ་བཙོག་པ་བཏང་འདྲ། ཞེས་ཡིག་གཟུགས་འདི་གཉིས་འབྲི་དཀའ་བ་དང་། གལ་ཏེ་བྲིས་ཚུགས་ལེགས་ན་མཇེ༹ས་རྩལ་དང་སྒྱུ་རྩལ་གྱི་རང་བཞིན་ལྡན་པའོ༎
༈ མཁས་དབང་ཚེ་ཏན་ཞབས་དྲུང་གིས། ཡི་གེ་དག་སྙོམས་མཇེ༹ས་གསུམ་ལས། །མ་དག་སྐྱེས་བུ་སྙིང་མེད་འདྲ། །མི་སྙོམས་རྐང་ལག་འཁྱོར་བ་འདྲ། །མི་མཇེ༹ས་གོས་ངན་གྱོན་པ་འདྲ། །དག་སྙོམས་མཇེ༹ས་གསུམ་ཆ་གང་ཡང་། །མི་ལྡན་ལམ་ཁར་བོར་བ་ཡི། །གོས་ཧྲུལ་ངན་པ་སྐྱུག་བྲོ་འདྲ། །དེ་ཕྱིར་སྔ་མ་སྔ་མ་གཙོ། །གསུམ་ཀ་འཇོ༹མས་ན་བཞིན་མཇེ༹ས་པའི། །དཔའ་བོ་ཟ་འོག་གོས་ཀྱིས་བཀླུབས། །ལུས་དང་ཡན་ལག་ལྟ་ན་སྡུག །ཚོགས་པའི་ཁྲོམ་དུ་འགྲིམས་པ་འདྲ། །ཡི་གེ་སྦྱོང་འདོད་ཐོག་མ་རུ། །འདི་འདྲའི་ཚུལ་གྱིས་ལམ་ལ་དཀྲི། ཞེས་གསུངས་པ་དག་ལས་ཤེས་པར་བྱའོ།
༈ འཇམ་མགོན་ཀོང་སྤྲུལ་གྱིས། སྣག་ཤོག་སྨྱུ་གུ་མ་གཟབ་པར། །ཡི་གེ་གཟབ་འདོད་ཡིག་མཁན་འཁྲུལ། ཞེས་པ་ལྟར་ཐོག་མར་ཉེར་ཆས་ལ་གཟབ་རྒྱུ་གལ་ཆེ།
༡ བོད་སྣག་གི་རྒྱུ། སྒྲོན་ཤིང་ངམ། གྲོ་གའི་ཤུན་པ་སྐམ་པོ་མེར་སྦར་བའི་དྲེག་པའམ། མར་མེའི་མེ་ཏོག གཞན་ཡང་གཏེར་ཁ་སྣ་ཚོགས་ཀྱི་སྡེབ་སྦྱོར་ལ། སྤྱིན་ཁུ་དང་། དབང་ལག་ཁུ་བ། སྐྱེར་ཁུ་དང་ཀ་ར་སོགས་ཀྱིས་ཁ་མདོག་བསྒྱུར་བ་དང་། མདོག་སྣུམ་པ། ཆུ་ཡིས་མི་དགྲ་བའི་ཕན་ནུས་སོགས་ལྡན། མཚལ་གྱི་དམ་རྩི་མཆོག་ཏུ་གྱུར་པ་རྟ་རྒོད་མའི་སྤྲི་གསར་དང་། ཨ་རག་དཀར་པོ། ཀ་ར་སོགས་ཀྱིས་སྦྱོར་བ་བྱེད་དགོས།།
༢ བོད་ཤོག་ནི། ཅུང་ཟད་མཐུག་ལ་རྩུབ་ཆེ་བས་དང་ཐོག་འབྲས་ཁུ་དྭངས་མའི་ནང་དུ་སྦངས་བ་དང་། དེ་ནས་སྐམ་རློན་རན་པར་བྱུང་རྗེས་གཟི་དང་། དུང་དཀར་སོགས་ཀྱིས་བརྡར་ཏེ་མཉེན་འཇམ་ལྡན་པ་ཞིག་བཟོས་རྗེས་གཞི་ནས་བཀོལ་ཆོག་པ་ཡིན། སྔ་རབས་ཤིང་གི་ཤུན་པ་དང་། ལོ་མ་སོགས་ཀྱང་བེད་སྤྱོད་གཏོང་སྲོལ་ཡོད། དེ་དག་ནི་ལོ་ངོ་བརྒྱ་ཕྲག་དུ་མའི་ཚེ་ཐུབ༎
༣ སྨྱུ་གུ་བཟོ་ན། རྒྱུ་གཙོ་བོ་སྨྱུག་མ། ད་དུང་གཞོག་གྲི བརྡར་རྡོ། གཏུབ་ཤིང་བཅས་འཇོ༹མས་དགོས། ཇི་སྐད་དུ། སྨྱུག་གུ་བཞོགས་པའི་གནད་ཀ་ནི། །ཁམས་རྗི༹ང་ཡུལ་ཁ་གསུམ་ཡིན་ཏེ། །རྩེ་མོར་ཕྱེད་གཉིས་གཞལ་བའི་ཕྱིར། །སུམ་གཉིས་རྗི༹ང་ལ་སུམ་གཅིག་མཆུ། ཞེས་པ་ལྟར་ཡུར་བ་འདྲ་བ། སྨྱུག་རྒྱབ་ནས་བལྟས་ན་གཡས་གཡོན་གྱི་ཆ་གཉིས་ཆེ་ཆུང་མཉམ་པ། རྗི༹ང་ཆུ་ཧ་ཅང་མི་རིང་མི་ཐུང་མི་སྲབ་ཚད་ཐིག་པ་གཅེས། ཡི་གེའི་འབྲུ་ཁོག་ཆེ་ཆུང་ཡང་སྨྱུག་ཁམས་ཆེ་ཆུང་ལ་རག་ལས། ཇི་སྐད་དུ། ཚེག་བྲིས་འབྲི་ན་མཉམ་པར་བཅད། །ཟླུམ་བྲིས་འབྲི་ན་གཉིས་ཆོད་བྱ། །སྨྱུག་ཁམས་ཆིག་ཆོད་བྱས་གྱུར་ན། །ཡི་གེ་ལེགས་པའི་གནད་ཅིག་ཡོད། །སྨྱུག་ཁམས་གཉིས་ཆོད་བྱས་གྱུར་ན། །སྨྱུག་ཁ་སྲ་བའི་གནད་ཅིག་ཡོད། །སུམ་ལྡན་ལྔ་འཇོ༹མས་ཞེས་པའི་དོན། །སྨྱུག་གུའི་མཆུ་ལ་མཁས་གྱུར་ན། །ཡི་གེ་འབྲི་ལ་མཁས་པར་བཤད། ཅེས་པ་ལྟར་ཐོག་མར་སྨྱུག་གུའི་ཤེས་བྱ་ལ་སྦྱང་དགོས། དཔེར་ན། ལཉྩ་དང་ཝརྟུ་གཉིས་ལ་སྨྱུག་ཁམས་གཡས་སུ་གསེག་ཆེན་བྱ། དབུ་མེད་ལ་གསེག་ཆུང་དང་། དབུ་ཅན་ལ་གཡོན་ངོས་སུ་གསེག་ཆུང་བྱ། ཧོར་ཡིག་ལ་གསེག་མེད་སོགས་ཚུལ་བཞིན་ཤེས་པར་བྱའོ༎
༈ སྨྱུག་མ། རྒྱ་སྨྱུག་དང་། རོང་སྨྱུག། ལྷོ་སྨྱུག་སོགས་སྟོན་རྒྱབ་བམ། དགུན་དུས་སུ་སྐམ་ཐག་ཆོད་རྗེས་ཀྱི་སྨྱུག་མ་ཡུན་རིང་དུད་ཁར་བཏགས་ཏེ། རབ་ཤ་བའི་རྐང་དང་། འབྲིང་ར་ཡི་རྐང་མར། ཡང་ན་མར་ནག་བྱུག་སྟེ་བྱེ་མ་ཚ་བོའམ། ཡོས་ཚ་བོའི་ནང་རན་པར་བཅུག་སྟེ་འཇམ་ཕྱིས་བྱས་ན་རླན་བཤེར་གྱིས་མི་གོས་ཤིང་སྲ་མཁྲེགས་ཆེ། རིང་ཚད་མཐོ་གང་ལས་མི་ཐུང་བ་ཡུ་བའི་རྩེ་མོ་རྣོ་མི་རུང་། གང་ལགས་ཞེ་ན། བྲིས་པ་ཕལ་གྱིས་སྨྱུག་གུ་རྣ་ལྟག་ཏུ་འགེལ་བས་རང་གི་མིག་ལ་སྐྱོན་ཤོར་བའི་ལོ་རྒྱུས་མང་། འགའ་ཤས་ཀྱིས་ཤེས་རབ་མཚོན་པས་ཡུ་བ་རྣོ་དགོས་ཟེར། འོན་ཀྱང་བྲིས་པ་ཞ་རར་གྱུར་ན་དགེ་མཚན་མེད་དོ་སྙམ་མོ༎
༈ སྨྱུག་ཤུབས་ལྕགས་ཚག་ལ་གསེར་རྩི་བཏང་བའམ། ཟངས། རག། ཤིང་སོགས་ཀྱིས་བཟོ་སྲོལ་ཡོད། གང་ལྟར་ཡང་སྨྱུག་གུ་སྲུང་སྐྱོབ་ཐུབ་པ་ཞིག་དགོས༎
༈ སྣག་བུམ་རྒྱུ། གསེར། དངུལ། ཟངས། རག ལི། འཁར་བ། ལྕགས་སོགས་ལས་གྲུབ་པ། དབྱིབས་ཆུ་སྐྱེས་བུམ་པ་དང་འདྲ་ཞིང་། མགྲིན་པ་ཐུང་བ། ལྟོ་ལྡིར་བས་སྦུབ་ཀྱང་ཕྱི་རུ་མི་འཕོ་བ་དགོས། ནང་གི་ཞབས་འཁོར་དུ་ཞ་ཉེ་བླུག་ན་སྤམ་ལྗིད་ཆེ་ལ་སྣག་མི་རུལ་བའི་གནད་ཀ་ཡོད༎ མི་ཕམ་རྣམ་རྒྱལ་ནས་ཟིན་བྲིས་བགྱིས།
|