ཐོན་མིས་བོད་ཀྱི་ཡིག་སྲོལ་གཉིས་པ་ཇི་ལྟར་ཕྱེ་ཚུལ་ཐད་ཀྱི་བཞེད་པ་
འདྲ་མིན་སྐོར་གླེང་བ།
ལྟ་བ་ཆ་གསུམ་པ་སྟེ། ཐོན་མིས་བོད་ཡིག་གསར་དུ་བཟོས་པ་ཡིན་ཟེར་བ་དེ་རང་དངོས་མེད་ཀྱི་རྫུན་གཏམ་ཡིན་པར་སྨྲ་བ་འདི་ཡང་བོན་ཕྱོགས་ཀྱི་ལྟ་བ་ཡིན། འོན་ཀྱང་ལྟ་བ་འདི་ཕྱིས་སུ་བརྩམས་པའི 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》ནང་གསལ་བ་ལས་རང་ཉིད་ཀྱིས་མཇལ་མྱོང་བའི་སྔོན་བྱུང་བོན་གཞུང་གཞན་མའི་ནང་འདི་འདྲ་འཁོད་པ་མིག་ལམ་དུ་མ་སོན། བསྟན་འབྱུང་ཕྱོགས་བསྡུས་ནང་འདི་ལྟར་གསལ་བ་སྟེ"སྲོང་བཙན་དུས་སུ་ཐོན་མི་སཾ་བྷོ་ཊས། ལཉྫར་དཔེ་བླངས་བོད་ཡིག་གསར་བཟོས་ཟེར། དེ་གོང་ཡི་གེ་མེད་ཅེས་ཁངས་ལ་བཀགས། དེ་ནི་སྔོན་ཁུངས་ཕྱིར་འབྱུང་སྐབས་གནས་བཅས། གཅིག་ལ་མ་དཔྱད་རང་ཆེ་ཁོ་ན་ཡི། གཟུ་ལུམ་འདོད་སྨྲས་དྲང་གཞུང་ཁྱད་གསད་པའི། གཏམ་དེ་ཐོན་མིའི་གསུང་ངམ་གཞན་རྗེས་སྨྲས། གང་ཡིན་བློ་སྤྱན་ལྡན་པ་སུ་ཡིས་འདོད། དེ་ལྟ་མ་ཡིན་ཁུངས་ལུང་ཞིབ་བཀྲལ་ན། གནམ་རི་སྲོང་བཙན་ཡན་གྱི་རྒྱལ་རབས་ཕྲེང། ཆབ་སྲིད་བོན་དང་ལྡེའུ་སྒྲུང་དག་གིས། བསྐྱངས་ཚུལ་ཆོས་ལུགས་ནས་ཀྱང་ཁས་བླངས་ན། དང་པོ་བོན་ནི་གཉིས་ཏེ་རྒྱུ་ཡི་བོན། མགོན་ཤེས་ལྷ་བོན་འཁྲུལ་ཤེས་ཇུ་ཐིག་བར། ཤེས་ཅན་བཅུ་གཉིས་ལ་སོགས་བོད་ཐོག་གོང་། དཔེ་རྒྱུན་ཆགས་པ་དེང་སང་ངོན(བོན་)ལུགས་ལ། དངོས་ཡོད་དེ་རྣམས་བོད་ཡིག་དབྱངས་གསལ་རང་། ཁྱོད་ཀྱིས་དབྱངས་གསལ་གསར་བཟོས་དགོས་ཕན་ཅི། འབྲས་བུའི་བོན་ནི་མདོ་སྔགས་སེམས་གསུམ་སྟེ། གཉའ་ཁྲིའི་དུས་ནས་དར་བ་གོང་བཤད་ལྟར། མུ་ཁྲིས་རྒྱུ་སྤུངས་བོན་ཟབ་གསང་སྦས་པའི། གླེགས་བམ་རྫུ་འཁྲུལ་སྨན་བཞིས་བསེ་སྒྲོམ་ཉིད། བླངས་ཏེ་མོན་བོན་ཉིད་ལ་བྱིན་པས་མཚོན། རིམ་པར་བླ་མེད་བོན་དང་ལུང་ཆེན་སོགས། རྒྱལ་རབས་སུམ་ཅུར་དར་བའི་བོན་སྡེ་རྣམས། གླེགས་བམ་ཡི་གེའི་ལམ་དྲངས་ཤ་སྟག་ལ། བལྟ་རྟོགས་བློ་མིག་རང་ཉིད་ལྡོང་བཞིན་དུ། གཞན་ཕན་བྱས་ཚུལ་རྫུན་བཤད་དགོད་བྲོའི་གནས། གཉིས་པ་ལྡེའུ་ཞེས་གཏན་ཚིག་སྒྲུང་ཞེས་པ། སྔར་ནས་ལོ་རྒྱུས་བརྒྱུད་བཤད་ཉིད་ཡིན་ཏེ། དེ་དཔེ་དེང་ཡོད་ཆབ་ནག་སྲིད་རྒྱུད་དང་། གཙུག་ལག་འབུམ་རིགས་ཁྱད་པར་བོད་ཀྱི་རབས། རྒྱལ་བུ་མཐིང་གེ་སོགས་ཀྱི་ལོ་རྒྱུས་དང་། ཞང་རྒན་ཨ་ནུས་བྱས་པའི་བསྟན་བཅོས་སོ། སྔར་ཡིག་བཤུས་པ་རིམ་ཡོད་མ་ཐོས་པའི། འཆལ་གཏམ་སྨྲས་འདི་བོད་མིས་བོད་ཀྱི་ཚུལ། མ་ཤེས་བཞིན་དུ་རང་འདོད་བཤད་པ་ལ། བློ་ལྡན་གཞན་གྱིས་ཞིབ་དཔྱད་བརྟགས་པ་ན། རྫུན་མཚང་རིམ་རྡོལ་གཞན་དག་བགད་མོ་བྲོ། གསུམ་པ་གྲི་གུམ་དུས་སུ་བོན་སྣུབ་ཚེ། བོན་གཤེན་རྣམས་ཀྱིས་མདོ་སྔགས་བོན་སྡེ་རྣམས། ཀུ་ཧྲང་གསོས་མ་སོགས་ལ་ཁལ་བཀལ་ནས། གཙང་སྟོད་ལྷོ་བྱང་ལ་ཕེབས་གཏེར་སྦས་ཚུལ། ཁྲོ་བོ་དབང་ཆེན་གབ་པ་རྣམས་ཀྱིས་ལུང་། མདོ་སྔགས་སེམས་གཞུང་ཀུན་ལས་རིམ་གསལ་བས། སྲོང་བཙན་དུས་སུ་ཡིག་མེད་གསར་བཟོས་ན། གྲི་གུམ་དུས་ན་དཔེ་ཁལ་ཅི་ཞིག་འགེལ། མ་ཟད་དེ་དུས་གཏེར་སྦས་འགྲེལ་ཡིག་དང་། ལེའུ་ཚིག་མཚམས་གཏེར་རྟགས་རི་མོ་བཅས། དེང་སང་དཔེ་རྒན་རྣམས་སུ་དངོས་གསལ་ཡང་། ཆགས་སྡང་བློ་ཡིས་གཅིག་ཀྱང་མ་མཐོང་བ། བྱང་བལྟས་ཕུག་པར་སྣང་བ་ལ་དོགས་པའི། འབྱུང་པོའི་མུན་གཏམ་ལམ་དུ་གཞན་འཁྲིད་ཚུལ། འདི་ལ་འགལ་འགྲེལ་བརྒྱ་ཕྲག་བསྒྲུབ་ནུས་ཀྱང་། གནས་སྐབས་དེ་ཙམ་ཉིད་དོ་སྤྱིར་དུ་ནི།མ་མཐོང་ཕྱིར་ན་མེད་པར་འཛིན་པ་དང་། མ་ཤེས་བཞིན་དུ་འོད་ཚོལ་སྨྲ་བ་དང་། མ་བརྟགས་གཞན་ལ་ཁྱད་གསོད་བྱེད་འདི་གསུམ། བླུན་ཚུལ་ཡིན་པ་བོན་ཆོས་ལུང་ཀུན་གྲུབ"(ཤོག་གྲངས་༤༦༨-༤༦༩)ཞེས་ཐོན་མིའི་གོང་ནས་བོད་ཡིག་ཡོད་ལུགས་རྒྱུ་མཚན་དུ་བྱས་ཏེ་ཐོན་མིས་བོད་ཡིག་གསར་པ་བཟོས་ཟེར་བ་དོན་དུ་གཟུ་ལུམ་འདོད་སྨྲས་ཀྱི་རྫུན་གཏམ་ཡིན་པར་བཤད།
གོང་དུ་དྲངས་པའི་ལྟ་བ་གསུམ་པོ་དེར་ཞིབ་པར་དཔྱད་ན། དང་པོ་དང་གཉིས་པ་ནི་དངོས་དོན་དང་མཐུན་པའི་ཕྱོགས་ཡོད་ལ། འདོད་ཕྱོགས་འཐེན་འཁྱེར་གྱི་ཕྱོགས་ལྷུང་ཡང་མངོན་གསལ་དོད་པོ་ཡོད་པ་དང་། གསུམ་པ་དེ་ནི་གྲུབ་མཐའི་ཕྱོགས་ཞེན་གྱིས་ཡོངས་སུ་ཁ་བསྒྱུར་བའི་འོག་དངོས་དོན་ཇི་ཡིན་ལ་མ་བལྟོས་པར་སྤེལ་བའི་འདོད་སྨྲས་ཙམ་ལས་ལུང་རིགས་དངོས་གསུམ་གྱི་དཔྱད་པས་ཟིན་ཐབས་མེད་པ་ཞིག་ཡིན་སྙམ།
བཞེད་པ་དང་པོ་ལྟར་བྱས་ན། ཐོན་མིས་རྒྱ་གར་གྱི་ཡི་གེར་དཔྱད་གཞི་རྒྱ་ཆེར་མཛད་པ་དངོས་བདེན་དུ་གནས་ཀྱང་། ཐོན་མིའི་གོང་དུ་བོད་ལ་ཡིག་སྲོལ་མེད་པར་ངོས་འཛིན་པ་དང་། བོད་ཡིག་གསར་པ་བཟོ་སྐབས་སྔོན་མའི་ཡིག་སྲོལ་རྨང་གཞིར་བཟུང་མེད་པར་ངོས་འཛིན་པ་ནི་ལོ་རྒྱུས་ཀྱི་དངོས་དོན་དང་ཡོངས་སུ་མ་མཐུན་པ་ཞིག་ཡིན། ཐོན་མིའི་གོང་དུ་བོད་ལ་ཡིག་སྲོལ་བྱུང་བའི་སྐོར་སྔོན་དུ་ཞིབ་ཕྲ་བརྗོད་ཟིན་པ་ལྟར་དང་། ཐོན་མིས་བོད་ཡིག་གསར་བཟོ་མཛད་སྐབས་རྨང་གཞིར་བཟུང་བའི་ཡི་གེ་དེ་སྔོན་མའི་ཞང་ཞུང་གི་ཡི་གེ་ཡིན་པ་ལས་རྒྱ་གར་གྱི་ཡི་གེ་མིན་པ་དེ་ཡང་དངོས་ར་གསལ་པོ་འཕྲོད་ཐུབ་པ་ཞིག་ཡིན། དཔེར་ན།སྔོན་མའི་ཞང་ཞུང་ཡིག་སྲོལ་ནང་ཡོད་པའི་གི་གུ ཞབས་ཀྱུ འགྲེང་གུ ན་རོ་དང་། མགོ ཤད། ཚེག ཡ་སྟ། ར་སྟ་སོགས་ཀྱི་ཐ་སྙད་ད་ལྟའི་ཡིག་སྲོལ་ནང་མུ་མཐུད་སྤྱོད་བཞིན་ཡོད་པ་དང་། སྔོན་མའི་ཡིག་སྲོལ་གྱི་འཕྲུལ་ཡིག་སུམ་ཅུ་ཐམ་པ་རང་སོར་བཞག་ནས་ཡིག་སྲོལ་གསར་པའི་གསལ་བྱེད་དུ་ངེས་པ་བཅས་ཀྱི་ཐོག་ནས་ཞང་ཞུང་གི་ཡི་གེ་རྨང་གཞིར་མཛད་ཡོད་པ་གསལ་པོར་མཚོན་པ་ཡིན། བོད་ཡིག་གི་དཔེ་ཁུངས་རྒྱ་གར་གྱི་ཡི་གེ་ཡིན་པར་བཞེད་པ་རྣམས་ཀྱིས་རྒྱ་གར་གྱི་གསལ་བྱེད་སུམ་ཅུ་སོ་བཞིའི་ནང་ནས་ལོག་པ་དང་། འཐུག་པོ། མཐར་ཟད་བཅས་མི་མཁོ་བ་རྣམས་དོར་བའི་ཐོག་ཉེ་བར་མཁོ་བ་ཅ་ཆ་ཇ་ཞ་ཟ་འ་དྲུག་བསྣན་པ་ཡིན་ཞེས་བོད་ཡིག་གསར་པའི་དཔེ་ཁུངས་ཞང་ཞུང་གི་ཡི་གེ་མིན་པ་དང་། རྒྱ་གར་རང་གི་ཡི་གེ་ཡིན་པའི་དན་རྟགས་ལྟ་བུར་གསུངས་པ་དེ་ལ་ཡང་རྒྱུ་མཚན་གྱིས་མ་གྲུབ་པའི་གནས་མང་པོ་ཡོད་པ་སྟེ། དཔེར་ན། བོད་ཀྱི་སྐད་ལ་མཁོ་དང་མི་མཁོ་ཟེར་བ་དེ་བོད་སྐད་ཀྱི་གདངས་ལ་ཡོད་ངེས་ཀྱི་སྒྲ་ཡིན་མིན་ལ་གཞིར་བཟུང་དགོས་ཤིང་ཡི་གེ་བཟོ་བའི་སྐབས་བོད་སྐད་ཀྱི་གདངས་ལ་ཡོད་ངེས་ཀྱི་སྒྲ་ཡིན་ཕྱིན། དེ་ལ་སྒྲ་དོད་ཀྱི་ཡི་གེ་ཞིག་ངེས་པར་དུ་བཟོ་དགོས་པ་ཡིན། བོད་སྐད་དུ་མེད་ངེས་ཀྱི་སྒྲ་ཡིན་ན་དེ་ལ་སྒྲ་དོད་ཀྱི་ཡི་གེ་བཟོ་བའི་དགོས་པ་ཅི་ཡང་མེད། རྩ་དོན་དེ་གཞིར་བཟུང་མཁོ་དང་མི་མཁོ་བའི་དབྱེ་བ་ཕྱེ་ན། འཐུག་པོ་དང་། ལོག་པ། མཐར་ཟད་བཅས་ཀྱི་ཡི་གེའི་སྒྲ་རྣམས་བོད་སྐད་དུ་ཡོད་ངེས་ཀྱི་སྒྲ་ཡིན་པས་དེ་སྒྲ་དོད་དུ་མ་དྲངས་པར་མི་མཁོ་བ་ཡིན་ཞེས་དོར་བའི་རྒྱུ་མཚན་གང་ཡང་མེད། དོན་དུ་ནི་ཐོན་མིས་ཞང་ཞུང་གི་ཡི་གེར་གསར་བཅོས་དང་སྣོན་འཕྲི་བྱེད་ཕྱོགས་ཐད་རྒྱ་གར་གྱི་ཡི་གེར་དཔྱད་གཞི་མཛད་སྐབས་ཡི་གེ་དེ་རྣམས་བོད་སྐད་ལ་མི་མཁོ་བར་ངོས་བཟུང་ནས་དོར་བ་མ་ཡིན་ཞིང་།སྒྲ་དེ་དག་གི་རྣམ་པ་གསལ་བར་ནུས་པའི་སྒྲ་དོད་ཀྱི་ཡི་གེ་ཡ་སྟ་ར་སྟ་ཅན་དང་།ག་ཇ་ད་བ།(གནའ་བོའི་སྐབས་སུ་གསལ་བྱེད་སུམ་ཅུའི་ནང་གི་མོ་ཡིག་རྣམས་འཐུག་པོའི་ཡི་གེའི་སྒྲ་དང་འདྲ་བ་ལྕི་བར་འདོན་པ་ཡིན)བཅས་སྔར་ནས་བོད་ཀྱི་ཡིག་སྲོལ་ནང་དུ་ཡོད་གཤིས་གཞན་གྱི་ཡི་གེ་དཔེ་རུ་ལེན་པའི་དགོས་པ་མེད་པར་གཟིགས་ནས་བོད་ཡིག་གསལ་བྱེད་ཀྱི་ཕྱི་མོའི་གྲས་སུ་མ་བཅུག་པ་ཡིན་སྙམ།
དེ་བཞིན་རྒྱ་གར་གྱི་ཡི་གེར་མེད་པའི་ཅ་ཆ་ཇ་དང་ཞ་ཟ་འ་དྲུག་ཇི་ལྟར་རྙེད་པའི་སྐོར་ལ་སྒྲུང་གཏམ་སྙན་པོ་འདྲ་ཆགས་པོ་འདི་འདྲ་ཞིག་ཤོད་ཚུལ་ཡོད་པ་སྟེ 《བོད་ཀྱི་བརྡ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག》 (གསེར་ཏོག་སུམ་རྟགས)ལས"སློབ་དཔོན་ཐོན་མིས་བོད་ཀྱི་དབྱངས་གསལ་སོ་བཞིར་བསྡུ་སྐབས་རྒྱ་གར་དབྱངས་གསལ་ལྔ་བཅུ་ལས་སྐད་གདངས་ཀྱི་ཡི་གེ་དྲུག་མ་རྙེད་པར་ཐུགས་མུག་ནས་བཤུམ་པས། ཉམས་སྣང་ལ་མི་ནག་རྟ་ནག་བཞོན་པ་ཁྲབ་རྨོག་གྱོན་ཞིང་ལག་ན་མདུང་ཐོགས་པ་ཞིག་གཟིགས་ནས་སློབ་དཔོན་གྱིས་ཁྱོད་ག་ནས་བྱོན་དྲིས་པས། ཞང་ཞུང་ནས་འོངས་ཟེར། གར་འགྲོ་དྲིས་པས། ཟ་ཧོར་དུ་འགྲོ་ཟེར། དོན་གང་དྲིས་པས། ཇ་ཉོ་རུ་འགྲོ་ཟེར། ཕྱིར་ནམ་སླེབས་དྲིས་པས། ཅི་ཆ་ཞེས་གསུངས་ནས་ཡལ། དེ་ནས་དྲིས་ལན་ལ་བརྟག་ཅིང་དཔྱད་པས། ཞ་འ་ཟ་ཅ་ཆ་ཇ་དྲུག་རྙེད་ནས་གསལ་བྱེད་སུམ་ཅུར་གཏན་ལ་ཕབ" (ཤོག་གྲངས་༡༥༠)ཅེས་འཁོད་ཡོད། སྒྲུང་གཏམ་དེའི་ནང་དོན་ལ་ཞིབ་པར་བསམས་ན་དངོས་དོན་དང་མ་མཐུན་པའི་འགལ་ཚིག་མི་ཉུང་བ་ཞིག་ཡོད་པ་སྟེ། དཔེར་ན། ཐོན་མིས་དབྱངས་གསལ་སོ་བཞིར་བསྡུ་སྐབས་ཡི་གེ་དྲུག་མ་རྙེད་པར་ཐུགས་མུག་ཞེས་པ་འདིའི་ཚིག་དོན་ལ་མཚོན་ན་ཐོན་མིས་མ་རྙེད་པའི་ཡི་གེ་དྲུག་ཏུ་ངེས་པ་ཡིན་ན། དོན་དུ་ཡི་གེ་དེ་རྣམས་གང་དང་གང་ཡིན་པ་སྔོན་ལ་རྙེད་དེ་ཁ་གྲངས་དྲུག་ཏུ་ངེས་པ་མ་ཡིན་ནམ། མ་རྙེད་པའི་ཡི་གེ་གང་དང་གང་ཡིན་སྔོན་ནས་ངོས་བཟུང་ཐུབ་མེད་ན་ཁ་གྲངས་དྲུག་ཡིན་པ་ཇི་ལྟར་ཚོད་རྩིས་བྱེད་ཐུབ། ཡང་དཔེར་ན་ཅ་ཆ་ཇ་ཞ་ཟ་འ་བཅས་ཀྱི་སྒྲ་གདངས་ནི་བོད་མི་སུ་འདྲ་ཞིག་ཡིན་རུང་ཞོགས་པ་ལངས་པ་ནས་དགོང་མོ་མ་ཉལ་བར་བཤད་པའི་སྐད་ཆའི་ནང་ཡང་ཡང་ཐོན་ངེས་ཡིན་པ་དང་། ཐོན་མི་སཾ་བྷོ་ཊ་ཡང་བོད་སྐད་ཀྱི་སྒྲ་གདངས་ལ་བརྟག་ཞིབ་གཏིང་ཟབ་མཛད་པའི་ལོ་པཎ་ཆེན་པོ་ཞིག་ཡིན་པས། སྒྲ་དྲུག་པོ་དེ་དག་ལམ་སེང་མ་རྙེད་པའི་དབང་དུ་བྱས་ནའང་། ཅུང་ཟད་དཔྱད་པ་ཙམ་གྱིས་རྙེད་ཐུབ་པ་ཞིག་ཡིན་ན་ཉམས་སྣང་དུ་ཤར་རྒྱུར་སྒུག་དགོས་པའི་རྒྱུ་མཚན་ཅི་ལ་ཡོད། མ་གཞི་ནས་བརྗོད་ན་འཕྲུལ་ཡིག་སུམ་ཅུའི་ནང་དུ་ཡི་གེ་དྲུག་པོ་དེ་ཡོད་པས་དེ་མ་རྙེད་པར་ཐུགས་ཡིད་མུག་ནས་བཤུམ་དགོས་པ་གཏན་ནས་ཡོང་མི་སྲིད། དེས་ན་འཐུག་ལོག་མཐར་གསུམ་གྱི་ཡི་གེ་མི་མཁོ་བར་དོར་བ་ཞེས་པ་དང་ཅ་ཆ་ཇ་ཞ་ཟ་འ་བཅས་ཉམས་སྣང་དུ་ཤར་བའི་མི་དང་ལབ་འདྲི་བྱས་ནས་རྙེད་ཚུལ་འདིར་རྒྱུ་མཚན་གྱིས་མ་གྲུབ་པའི་འགལ་ཚིག་མང་པོ་མངོན་གསལ་དུ་མཆིས། དེ་ཡོང་དོན་ནི་བོད་ཀྱི་ཡི་གེའི་དཔེ་ཁུངས་དེ་ཉིད་མ་འགྲིག་བཞིན་དུ་ཨུ་ཚུགས་ཀྱིས་རྒྱ་གར་དུ་གཏུགས་པའི་དབང་གིས་ཡིན། ང་ཚོས་གཟུར་གནས་དྲང་འབྲེལ་གྱི་སྒོ་ནས་དངོས་དོན་ཇི་ལྟ་བ་བཞིན་བརྗོད་ན་ཐོན་མིས་ཞང་ཞུང་གི་ཡི་གེ་རྨང་གཞིར་མཛད་པའི་ཐོག་རྒྱ་གར་གྱི་ཡི་གེར་ཡང་དཔྱད་གཞི་རྒྱ་ཆེར་མཛད་དེ་ད་ལྟའི་ཡིག་སྲོལ་འདིའི་ཡི་གེའི་རྣམ་གཞག་གཏན་ལ་ཕབ་པ་ཡིན། ཕྱོགས་མཚུངས་བོད་ཡིག་གི་ཡིག་གཟུགས་དཔེ་གང་ལ་བཅད་པའི་སྐོར་ལ་ཡང་དེ་ལྟ་སྟེ། ལེ་ཚན་སྔོན་མའི་ནང་ཞིབ་ཕྲ་བརྗོད་ཟིན་པ་ལྟར་ཡི་གེའི་རྩ་བའི་གཟུགས་རིས་དང་སྨྱུག་ཁམ་གྱི་འཐེན་འགྲོས་སོགས་གང་ལ་བསྡུར་ཞིབ་བྱས་ཀྱང་ཐོན་མིས་གཙོ་བོ་ཞང་ཞུང་གི་ཡིག་རྒྱུན་དེའི་འབྲི་གཟུགས་ཟོར་ཡང་དུ་བཏང་བ་དང་། འབྲི་སྟངས་ལ་ལེགས་བཅོས་རིམ་པ་བྱས་ནས་ད་ལྟའི་བོད་ཡིག་གི་གཟུགས་དབྱིབས་དེ་གཏན་ལ་ཕབ་པ་ཞིག་ཡིན་པ་ལས་རྒྱ་གར་གྱི་ཡི་གེ་མིན་པ་ཧ་ཅང་གསལ་པོ་མཆོན་གྱི་ཡོད།
(མུ་འགོད)
|