设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

༄༅།།བོད་ཀྱི་ཡིག་གཟུགས་པ་འགྱུར་མེད་ཚུལ་ཁྲིམས་ལགས་ངོ་སྦྱོར།

 二维码 736
发表时间:2016-01-28 18:34



       འགྱུར་མེད་ཚུལ་ཁྲིམས་ལས་ཡུལ་དངོས་ནི། བོད་རང་སྐྱོང་ལྗོངས་ནོར་བུ་གླིང་ག་དོ་དམ་ཁྲུའུ་ཡི་ལས་བྱེད་པ་ཞིག་ཡིན། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ལཉྫའི་ཡིག་གཟུགས་ཀྱི་རྒྱུན་འཛིན་པ། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལས་དོན་མཁས་དབང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བོད་རང་སྐྱོང་ལྗོངས་གཞོན་ནུའི་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། བོད་རང་སྐྱོང་ལྗོངས་ཏཱ་ལའི་ལོ་མའི་ཕྱག་དཔེ་སྲུང་སྐྱོབ་ལས་དོན་གཞུང་ལས་ཁང་གི་ལས་དོན་པ་བཅས་ཀྱི་འགན་འཁུར།

    འགྱུར་མེད་ཚུལ་ཁྲིམས་ནི་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ཞེ་གསུམ་པ་ས་བྱ་༡༩༦༩ལོར་ཕ་བཀྲ་ཤིས་ཕུན་ཚོགས་སམ་བུ་ཆུང་ཨ་ནིང་དང་། མ་ཀུན་བཟང་མཚོ་མོར་གཡོ་རུ་གྲའི་ཆར་གཏོགས་གྲྭ་ཕྱི་སྨོན་སྒྲུབ་ཕུ་ཤར་དོང་ལོའི་ཁྱིམ་དུ་སྐྱེས། ཆུང་དུས་དགེ་རྒན་བསྟན་འཛིན་སྐལ་བཟང་མཆོག་དང་།ཀུན་བཟང་ཆོས་རྒྱལ་མཆོག་སོགས་བསྟེན་ནས་ཡིག་གཟུགས་ལའང་བག་ཆགས་ཟབ་མོ་བྱུང་བ་དང་། དེ་ནས་རིམ་བཞིན་ཆ་སློབ་དང་སློབ་འབྲིང་དུ་མཁས་དབང་ངག་དབང་རྒྱལ་པོ་དང་། བསོད་ནམས་ཆོས་ལྡན། སྐལ་ལྡན་ཡེ་ཤེས། ངག་དབང་ཕུན་ཚོགས་རྣམས་ནས་སུམ་རྟགས་དག་གསུམ་སོགས་དང་བོད་ཡིག་ཡིག་གཟུགས་ཀྱང་ཁྲིད་སྟོན་གནང་། ལྷག་པར་དུ་སྨིན་གྲོལ་གླིང་དགོན་པར་བཀའ་གཏེར་བསྟན་པའི་རིང་ལུགས་དང་བསྐྱེད་རྫོགས་ཟབ་མོའི་དོན་ལ་དབང་འབྱོར་ཞིང་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་བྱང་ཆུབ་པ་༧ཤར་པའི་དགེ་སློང་སྐལ་ལྡན་ཆོས་གྲགས་མཆོག་ནས་ཆོས་ཞུགས་ཀྱི་རེ་བར་གནང་བ་ཐོབ་པ་མ་ཟད་སློབ་སྟོན་ཡང་ཡང་གནང་སྟེ་ཆོས་ཀྱི་སྒོ་མོ་དམ་པར་ཞུགས་པའི་སྐལ་བཟང་ཐོབ་སྟེ་འཚོ་བ་དང་དཔེ་ཆའི་དགེ་རྒན་དགེ་སློང་ཆོས་མཛད་ཀུན་བཟང་ཆོས་འཕེལ་མཆོག་དང་དགེ་སློང་འཇམ་དཔལ་རྒྱལ་མཚན་རྣམ་གཉིས་ཀྱི་ཤག་ཁོངས་སུ་ཞུགས་ནས་ལོ་ངོ་བཅུ་གཉིས་རིང་སློབ་གཉེར་བྱེད་རིང་སྤྱི་ལོ་༡༩༩༠ལོར་པེ་ཅིང་ནང་བསྟན་སློབ་གླིང་དུ་ལོ་གཉིས་ལ་སློབ་སྦྱོང་བྱེད་རྒྱུའི་སྒོ་སྐབས་བཟང་པོ་ཐོབ་པ་མ་ཟད་སློབ་མ་ཡོངས་ནས་སྦྱངས་འབྲས་མངོན་གསལ་དོད་པས་ཕུལ་བྱུང་སློབ་མ་གཅིག་ཤོས་ཀྱི་གཟེངས་རྟགས་ཐོབ། དེ་བཞིན་དགེ་སློང་ཆོས་མཛད་མཁས་དབང་འོད་ཟེར་བསྟན་འཛིན་མཆོག་དང་། སྔགས་རབ་འབྱམས་པ་དགེ་སློང་བཤད་གྲུབ་བསྟན་འཛིན། དགེ་སློང་བསྟན་འཛིན་ཉི་མ་མཆོག་རྣམས་ཀྱིས་ཆོས་རྒྱུན་དེའི་ལུང་ཁྲིད་མན་ངག་དང་། ཆོ་ག་ཆོག་ལེན། གཏོར་བཟོ་དཀར་རྒྱན། གདངས་དབྱངས་རོལ་ཚིག རྟེན་མདོས་ཡུལ་མདོས།   གྲུབ་ཆེན་བཀའ་བརྒྱད་དང་། མདོ་ཚོགས་ཆེན་འདུས་པ་སོགས་བཀའ་མའི་ཆོག་མང་། ཕུར་པ་ཡང་གསང་སྤུ་གྲི། གཏེར་གསར་ཞི་དྲག་དང་། ཚེ་སྒྲུབ་ཡང་སྙིང་ཀུན་འདུས། བདེ་གཤེགས་ཐུགས་རྟེན་བརྒྱད་དང་ཁང་བུ་བརྩེགས་པའི་མཆོད་རྟེན་བཅས་དཀྱིལ་འཁོར་དང་མཆོད་རྟེན་གྱི་ཐིག་རྩ་རྡུལ་མཚོན་དཀྱིལ་འཁོར་གྱི་ལག་ལེན་སོགས་ཆོས་རྒྱུན་གྱི་སློབ་ཁྲིད་གནང་བ་ཙམ་དུ་མ་ཟད་ཕ་མའི་དོད་བཞིན་ཟ་བཏུང་དང་འགྲོ་ཆགས་འདུག་ཉལ་སོགས་ལའང་ཞིབ་ཚགས་པའི་མི་རིགས་ཀྱི་གོམས་སྲོལ་བཟང་པོའང་སློབ་སྟོན་ཚད་མེད་བསྐྱངས། དགེ་རྒན་ཀུན་བཟང་ཆོས་འཕེལ་དང་འཇམ་དཔལ་རྒྱལ་མཚན་རྣམ་གཉིས་མཆོག་ནས་ཁོ་བོར་བོད་ཡིག་སོགས་ཀྱི་རྨང་གཞིའི་ལེགས་ཆ་ཅུང་ཟད་ཡོད་པར་གཟིགས་ཏེ་སླར་ཡང་སྦྱང་ཤིང་ཐོག་ཀ་ཁ་སྐམ་དྲས་ནས་འགོ་བཙུགས་ཏེ་ཡིག་གཟུགས་རྣམས་རིམ་པས་སྦྱངས་སུ་བཅུག་གནང་ཏེ་སློབ་སྟོན་དང་ཨེ་བྲིས་དབུ་མེད་ཀྱི་དཔེ་ཡང་གནང་བར་ཡང་སྦྱང་པ་བྱས། སྤྱི་ལོ་༡༩༨༦ལོར་སྨིན་གྲོལ་གླིང་གི་སྤྲུལ་སྐུ་སྤྱི་ཚོགས་ཚན་རིག་ཁང་གི་སྐད་ཡིག་ཞིབ་འཇུག་པ་མཁས་དབང་གཙང་སྤྲུལ་ཀུན་བཟང་བསྟན་པའི་སྒྲོན་མེའི་སྐུ་མདུན་ནས་ལོ་ཆེན་དྷརྨ་ཤྲཱིའི་ཕྱག་རྒྱུན་གྱི་ལཉྫ་ཐོག་མར་སྦྱངས། དེ་ནས་སྤྱི་ལོ་༡༩༩༠ལོར་པེ་ཅིང་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་དགེ་རྒན་ཆེ་མོ་རྩིས་རམས་པ་བསམ་འགྲུབ་རྒྱ་མཚོ་དང་། བསྟན་པའི་ཉི་མ་རིན་པོ་ཆེ། ཀཾ་ཚང་གྲུབ་རྒན་རིན་པོ་ཆེ། ས་སྐྱ་མཁན་ཆེན་ཀླུ་སྒྲུབ་རྒྱ་མཚོ། ཆེས་ཤོས་བློ་བཟང་དཔལ་ལྡན་རིན་པོ་ཆེ། མཁན་ཆེན་གཟོ་བཟང་རིན་པོ་ཆེ། ཤིང་བཟའ་རིན་པོ་ཆེ། བསེ་ཚང་བློ་བཟང་དཔལ་ལྡན་རིན་པོ་ཆེ། སེར་བྱེས་དགེ་བཤེས་ཡེ་ཤེས་དབང་ཕྱུག ནག་རྩིས་པ་རྒན་ངག་དབང་བཟང་པོ། སློབ་དཔོན་བསོད་ནམས་རྒྱ་མཚོ་སོགས་ལས་རིས་མེད་ཀྱི་དབང་ལུང་མན་ངག་དང་། ནང་དོན་རིག་པ་སོགས་རིག་གནས་སྤྱི་དང་སླར་ཡང་ལཉྫ་དང་ཝརྟུ། དེ་དག་གི་ཤ་ཆེན་དང་ཁོང་སེང་། དབུ་ཅན་ཡིག་གཟུགས་ཀྱི་ཁྲིད་རྒྱུན་གཡུ་ཁྲིའི་ཕྱག་རྒྱུན་ཞེས་པ་དང་། ལྷ་བབས་ཡི་གེ   གསང་བའི་ཡི་གེའི་བྲི་ལུགས་སྣ་ཚོགས། ཁྱུགས་ཡིག ཧོར་ཡིག་གསར་མ་དང་བཅས་པའི་ཁྲིད་སྟོན་ལ་སློབ་སྦྱོང་མཐར་ཕྱིན་བྱས། ཁྱད་པར་དུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་ཆེན་པོས་གཏན་ལ་ཕབ་པའི་དབུ་མེད་གཞུང་རིས་ཀྱི་ཁྲིད་རྒྱུན་གནད་འགག་དང་བཅས་པ་༧ཅོག་གྲྭ་ཆོས་ཀྱི་སེངྒེ་རིན་པོ་ཆེ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་༧བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་འཛུགས་སྐྱོང་གནང་བའི་བོད་ཀྱི་ནང་བསྟན་སློབ་གྲྭ་ཐོག་མ་གནས་ཆུང་སློབ་གྲྭའི་རིག་གནས་དགེ་རྒན་ཆེ་མོ་སྔོན་རྩེ་སློབ་གྲྭ་ནས་བྱང་ཆུབ་པའི་རྩེ་དྲུང་བྱམས་པ་འཕྲིན་ལས་མཆོག་རྣམ་གཉིས་ནས་གཞུང་རིས་དང་། དབུ་མེད་ཁོང་སེང་བཅས་ཀྱི་ཁྲིད་སྟོན་གནང་བར་སློབ་སྦྱོང་ཡང་དག་པར་བྱས།

     དེ་ནས་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་སྐབས་ནོར་བུ་གླིང་གར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མཐིང་ཤོག་ལ་རིན་ཆེན་དང་པོས་གསར་བཞེངས་དབུ་འཛུགས་གནང་སྟེ་འཕྲོ་ལུས་པ་སླར་ཡང་དུས་རབས་ཉི་ཤུའི་ནང་བསྐྱར་བཞེངས་ལས་གྲྭའི་གྲས་སུ་དངོས་སུ་བཞུགས་མྱོང་བའི་སྙེ་མོ་བའི་ཡིག་མཁན་ཆེ་མོ་བཀྲ་ཤིས་རྡོ་རྗེ་མཆོག་དང་བསྟན་འཛིན་རྣམ་རྒྱལ་རྣམ་གཉིས་མཆོག་ལས་སྙེ་བྲིས་བྲི་རྒྱུན་དང་། མཐིང་ཤོག རིན་ཆེན་བཏུལ་སྟངས་སྐོར་སོགས་ལའང་སློབ་སྟོན་ཞུས་པ་དང་། མཁས་དབང་རྣམ་གཉིས་དགུང་ལོ་ཤིན་ཏུ་བགྲེས་ཀྱང་རིག་གནས་སྤྱི་དང་བྱེ་བྲག་བོད་ཡིག་ཡིག་གཟུགས་དང་རིན་ཆེན་བཏུལ་སྟངས་སོགས་ལ་བྱང་ཆུབ་པས་དེ་དག་ལ་དད་ཞེན་ཆེ་བ་མ་ཟད་མན་ངག་གི་ལག་ལེན་དག་རྒྱུན་འཛིན་བྱེད་ཆེད་ཇི་ལྟར་དྲིས་པའི་གནད་འགག་རྣམས་ཐོག་མེད་ཀྱིས་གསུངས་པས་མེས་པོའི་བློ་རིག་ལ་ངོ་མཚར་དང་ཤིན་ཏུ་སྤྲོ་བ་གཏད། དེ་ལྟར་མཁས་པའི་དབང་པོ་བཅུ་ཕྲག་ལ་ཉེ་བར་བསྟེན་པའི་དྲིན་གཟོའི་བྲིས་གཟུགས་ཀུན་བཟང་མཆོད་སྤྲིན་“གངས་ལྗོངས་མེས་པོའི་ཕྱག་རྒྱུན་”ཞེས་པའི་བོད་ཡིག་ཡིག་གཟུགས་དཔེ་དེབ་དེ་རང་ཉིད་ཀྱི་ལས་ཞོར་དུས་ཡུན་ལ་བྲིས་པ་སྤྱི་ལོ་༢༠༠༦ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་གནང་བས་སློབ་དཔོན་རྣམས་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་གདེང་འཇོག་མི་དམན་པ་གནང་། དེ་བཞིན་ངོས་ཀྱིས་བྲིས་པའི་རིང་ཚད་རྨིད་བཞི་བརྒྱ་ལྷག་ཡོད་པའི་ས་སྐྱ་ལེགས་བཤད་སོགས་རྩམ་བྱ་མང་པོ་བོད་རིགས་དང་རྒྱ་རིགས་རྣམས་ཀྱི་མཉེས་པོ་དང་གཅེས་ཉར་མཛད་པ་མ་ཟད་ཨ་རི་བ་དང་འཇར་པན་བ། ཀ་ན་ཏྲ་བ། བལ་པོ་སོགས་རྒྱལ་སྤྱི་རྒྱལ་ནང་གི་གཅེས་ཚགས་པ་མང་པོས་ཉར་ཚགས་གནང་བ་མ་ཟད་ཁེ་ལས་མང་པོས་ཀྱང་ངའི་ཡིག་གཟུགས་རྩམ་བྱ་ཉར་ཚགས་གནང་བཞིན་ཡོད། ས་གནས་དང་ལྗོངས་རིམ་པའི་ཡིག་གཟུགས་འགྲན་བསྡུར་མང་པོའི་ཐོག་རང་ཉིད་ཀྱི་ཡིག་གཟུགས་རྩམ་བྱ་སྣ་ཚོགས་ལ་གཟེངས་རྟགས་ཐེངས་མང་ཐོབ་མྱོང་བ་མ་ཟད་ཡིག་གཟུགས་སོགས་ཀྱི་སློབ་མ་གསོ་སྐྱོང་བྱས་དང་བྱེད་བཞིན་པ་ལྔ་བརྒྱ་ལྷག་ཡོད་པ་ནས་འགའ་ཞིག་གྲུབ་འབྲས་ཀྱང་མངོན་གསལ་དོད་ལ་ས་གནས་དང་ལྗོངས་རིམ་པའི་བྱ་དགའ་ཨང་དང་པོ་སོགས་ཀྱི་མཚན་སྙན་ཐོབ་སྟེ་དམངས་ལའང་སྐུལ་ལྕག་ཆེན་པོ་ཐེབས་བཞིན་ཡོད།   རང་གི་ཡིག་གཟུགས་དེབ་ཆུང་“གངས་ལྗོངས་མེས་པོའི་ཕྱག་རྒྱུན་”ཞེས་པ་དེས་ཀྱང་རྒྱ་ཆེའི་སློབ་མ་རྣམས་ལ་ཕན་པ་ཆེན་པོ་བྱུང་བའི་གཏམ་བཟང་ཕྱོགས་ཀུན་ནས་རྣ་ལམ་དུ་གྲགས་པས་སྦྱང་བརྩོན་བྱས་པར་དོན་གོ་བྱུང་སྙམ་པའི་ཚོར་སྣང་ཟབ་མོ་དང་སྐུལ་ལྕག་ཀྱང་ཆེན་པོ་བྱུང་།

    རང་གི་ལཉྫ་དང་འཁོར་ཡིག་ཤེས་པའི་ཕན་འབྲས་ནི་ནོར་བུ་གླིང་ག་དང་། ལྷ་ས་གཙུག་ལག་ཁང་། ར་མོ་ཆེ་དགོན། ལྷོ་བྲག་སྲས་མཁར་དགུ་ཐོག བེེ་རོ་དགོན་སོགས་ཉམས་གསོའི་སྐབས་གཟུངས་ཆེན་སྡེ་ལྔ་དང་། རིགས་གསུམ་མགོན་པོ། ཆོས་ལོངས་སྤྲུལ་གསུམ། བླ་མའི་མཚན་སྔགས། རྒྱལ་བ་རིགས་ལྔ། ཡིག་བརྒྱ་སོགས་གཟུངས་སྔགས་སྣ་ཚོགས་བྲིས་ཏེ་ཞབས་ཞུ་ཐུབ་པ་བྱུང་།

    སྤྱི་ལོ་༢༠༠༥ལོའི་ལོ་མཇུག་ལ་བོད་རང་སྐྱོང་ལྗོངས་ཏཱ་ལའི་ལོ་མའི་ཕྱག་དཔེ་སྲུང་སྐྱོབ་བྱེད་པའི་ལས་གཞིའི་དོན་གཞུང་ལས་ཁང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་དབུ་བརྙེས་པ་དང་། སྐབས་དེའི་གཞུང་ལས་ཁང་གི་དབུ་ཁྲིད་མཁས་དབང་ཚེ་དབང་འགྱུར་མེད་མཆོག་དང་། པ་སངས་ཚེ་རིང་མཆོག འགྱུར་མེད་རྡོ་རྗེ་མཆོག་བཅས་རྣམ་པ་གསུམ་ཆེད་མངགས་ནོར་བུ་གླིང་གར་རང་ཤག་ཏུ་ཕེབས་ཏེ་བོད་དུ་བཞུགས་པའི་ཏཱ་ལའི་ལོ་མའི་ཕྱག་དཔེ་སྲུང་སྐྱོབ་ལས་གྲྭ་དེའི་ནང་མཉམ་ཞུགས་བྱས་ན་དགོངས་པའི་ཐུགས་རེ་དང་། བོད་ལྗོངས་ཀྱི་རྒྱ་དཔེ་ཡོངས་ཁྱབ་ཞིབ་བཤེར་དང་ཐོ་འགོད། ལེགས་བསྒྲིགས། དཀར་ཆག་འགོད་རྒྱུ་སོགས་ལས་དོན་དཀའ་ཚེགས་ཆེ་ལ་གཟི་བརྗིད་ཀྱང་ཆེ་བའི་འཆར་གཞི་ངོ་སྤྲོད་གནང་བ་མ་ཟད། རང་གི་འཚོ་བའི་ཐད་ལའང་བཀའ་འདྲི་དང་། ལས་དོན་དེར་ཞུགས་ཚེ་མ་འོངས་པར་ཡང་ཕན་འབྲས་དང་འདུན་ལམ་ཆེ་བའི་སློབ་གསོ་ངང་གིས་གནང། འོན་ཀྱང་རང་ཉིད་ལན་ཝར་དང་དེ་བ་ནཱ་ག་རིའི་ཡི་གེ་ཤེས་པ་ཙམ་ལས་ཐ་དམན་ཀུན་དང་འདྲ་བ་རྒྱ་དཔེའི་ཐ་སྙད་མཐོང་ཐོས་ཙམ་ལས་རྒྱ་དཔེ་མཇལ་མྱོང་མེད་པ་དང་། ལྷག་པར་རྒྱ་གར་གྱི་སློབ་དཔོན་རྣམས་དང་བོད་ཀྱི་ལོ་ཙཱ་བའི་རྣམས་པའི་ཕྱག་བསྟར་མའི་ཕྱག་བྲིས་ཅི་ནས་མཇལ་འདོད་པ་སྐོང་པ་ཆུ་འདོད་བཞིན་སྔར་ནས་ཡོད་དེ་ཁོང་རྣམ་པས་གདེང་འཇོག་གནང་བ་བཞིན་ཤེས་ཡོན་གང་ཡང་མེད་ཀྱང་སྔོན་བསགས་བསོད་ནམས་བཟང་པོའི་མཐུ་ལས་ཏཱ་ལའི་ལོ་མའི་ཕྱག་དཔེ་སྲུང་སྐྱོབ་ལས་དོན་དེའི་ནང་ཞུགས་རྒྱུར་ནོར་བུ་གླིང་ག་དོ་དམ་ཁྲུའུ་དང་ལྗོངས་རིག་དངོས་ཅུད། རིག་གནས་ཐིང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་བཅས་རིམ་ཁག་སྡེ་ཚན་གྱིས་ཆོག་མཆན་གནང་ཏེ་ལོ་ངོ་བརྒྱད་ཙམ་རིང་གཞུང་དོན་ཁང་གི་དབུ་ཁྲིད་མཁས་དབང་ཚེ་དབང་འགྱུར་མེད་མཆོག་དང་། པ་སངས་ཚེ་རིང་། འགྱུར་མེད་རྡོ་རྗེ། དངོས་གྲུབ་ཚེ་རིང་། ཕུན་ཚོགས་ཚེ་བརྟན། པ་སངས་ནོར་བུ། ནོར་བུ་གླིང་ག་དོ་དམ་ཁྲུའུ་ཡི་ཕྲན་འགྱུར་མེད་ཚུལ་ཁྲིམས་བཅས་མི་བདུན་པོས་དཀའ་ངལ་ཁྱད་བསད་དང་། མཐུན་སྒྲིལ་འབད་འཐབ། ནུས་ཤུགས་ཆིག་སྒྲིལ་བཅས་ཀྱིས་མཉམ་ལས་བྱས་པ་བརྒྱུད་སྤྱི་ལོ་༢༠༡༢ལོའི་ལོ་མཇུག་ལ་དམིགས་ཚད་ཀྱི་ལས་དོན་རྣམས་ལེགས་གྲུབ་ཟིན་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་གཟིགས་མཐོང་ཆེན་པོས་གཟེངས་བསྟོད་ཚོགས་ཆེན་རྒྱས་འཛོམས་ཀྱིས་བཀྲ་ཤིས་པར་བྱས་སོ། རང་ཉིད་གཞུང་ལས་ཁང་གི་ལས་དོན་རྐྱེན་པས་ཕྱི་བཤོལ་གྱི་སྤྱི་ལོ་༢༠༡༣ལོའི་ཟླ་གསུམ་པ་ནས་རང་གནས་ནོར་བུ་གླིང་གར་ཕྱི་ལོག་གིས་ལས་དོན་ལ་ཞུགས་སོ། དཀའ་ཚེགས་ཤིན་ཏུ་ཆེ་ལ་གཟི་བརྗིད་ཀྱང་ཆེ་བའི་ལོ་བརྒྱད་ཀྱི་རིང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་མཁས་དབང་རྣམས་ལས་སློབ་སྦྱོང་དང་ལེགས་སྦྱར་གྱི་ཡིག་རིགས་སྣ་ཚོགས་ངོ་ཤེས་ཙམ་ལས་དེ་དག་ལ་གོ་བ་ཆགས་པའི་ཤེས་ཚད་མེད་ཀྱང་རྒྱ་དཔེ་པོད་གྲངས་སྟོང་ལ་ཉེ་བའི་ལོ་མ་རེ་རེ་བཞིན་མཇལ་བའི་གོ་སྐབས་བཟང་པོ་ཐོབ་པ་མ་ཟད། དེའི་སྐོར་གྱི་ཤེས་བྱ་དང་ཉམས་མྱོང་བསོག་འཇོག་ཀྱིས་མི་ཚེ་དོན་དང་ལྡན་པ་དང་། བསྐལ་པ་བཟང་བའི་ལོ་ཟླ། བརྗེད་པར་དཀའ་བའི་ལོ་ཟླ། འབྲས་བཟང་ཐོབ་པའི་ལོ་ཟླ།   དྲན་གསོ་བྱེད་རིན་འོས་པའི་ལོ་ཟླ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ལོ་དེའི་ཟླ་གསུམ་པ་ནས་ནོར་བུ་གླིང་གར་ཕྱིར་ལོག་བྱས་རྗེས་ནོར་བུ་གླིང་ག་དོ་དམ་ཁྲུའུ་དང་ཏཱ་ལའི་ལོ་མའི་ཕྱག་དཔེ་སྲུང་སྐྱོབ་གཞུང་དོན་ཁང་གི་འགོ་ཁྲིད་རྣམ་པས་རང་གི་ལས་དོན་གྲུབ་འབྲས་གོང་རིམ་ལ་སྙན་ཞུ་གནང་བར་བརྟེན་ལྗོངས་རིག་དངོས་ཅུད་དང་། ལྗོངས་རིག་གནས་ཐིང་། བོད་རང་སྐྱོང་ལྗོང་ཏང་ཨུད་དང་མི་དམངས་སྲིད་གཞུང་བཅས་ཀྱི་གོ་རིམ་དབུ་ཁྲིད་རྣམས་ནས་རང་ལ་ཚད་མཐོའི་གཟིགས་སྐྱོང་གིས་རྒྱལ་ཁབ་གཞུང་ཞབས་པའི་ཡིག་རྒྱུགས་གཏོང་རྒྱུའི་གོ་སྐབས་གནང་སྟེ་ལྗོངས་རིག་གནས་ཐིང་དུ་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཆབ་སྲིད་དང་། སྒྲའི་ཆེད་ལས། ངོ་བཅར་དྲི་རྒྱུགས་བཅས་ལ་སྐར་གྲངས་མི་དམན་པ་ཐོབ་པས་ལོ་དེའི་སྤྱི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་དངོས་སུ་རྒྱལ་ཁབ་ལས་བྱེད་པའི་ཐོབ་ཐང་གནང་། སྐབས་དེའི་གོང་རིམ་དབུ་ཁྲིད་ནས་གསུང་དོན་རང་ལྗོངས་སུ་ཆོས་ལུགས་མི་སྣ་རིག་གནས་ཐོག་ནས་རྒྱལ་ཁབ་ཀྱི་ལས་བྱེད་པར་བསྒྱུར་བ་ཁྱེད་གཅིག་བུ་ཡིན་ཞེས་བསྔགས་བརྗོད་མཛད་དོ།། ཁོ་བོ་ལྗོངས་རིམ་པའི་ལཉྫའི་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས་དུས་ཡུན་མི་རིང་བར་ཐུན་མིན་གྱི་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་དུ་སྤེལ་བའི་ཀུན་སློང་བཟང་པོས་ཡིག་གཟུགས་མཛེས་ལ་འབྲི་ཚུལ་དག་པའི་ལན་ཝར་གྱི་དེབ་ཆུང་ཞིག་དོན་གཉེར་ཅན་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུའི་བརྩོན་པ་བསྟེན་བཞིན་ཡོད།།

ཡིག་གཟུགས་སློབ་གཞི།

   ཉེར་སྤྱད་གྲ་སྒྲིག་གམ་འདུ་དགོས་པ་གདན་དང་། ཅོག་ཙེ། སྦྱང་ཤིང་དང་། སྣག་སྣོད། གདབ་རྐྱལ། ཐིག་སྐྱལ། སྨྱུ་གུ། སྨྱུག་སྣོད། སྨྱུག་གྲི། སྨྱུག་ཁ་གཏུབ་སྟན་བཅས་ཚང་དགོས།

༡   སྲོལ་རྒྱུན་ཡིག་ཆས་སྦྱང་ཤིང་དང་། གདབ་རྐྱལ། སྣག་ཚ། ཐིག་སྐྱལ། སྨྱུ་གུ། སྨྱུག་གྲི། སྨྱུག་ཁ་གཏུབ་སྟན་བཅས་ངོ་སྤྲོད་མདོར་བསྡུས།

༢   བོད་ཡིག་ཡིག་གཟུགས་འཕེལ་རིམ་སྐོར་གྱི་ལོ་རྒྱུས་རགས་བསྡུས་དང་ཡིག་གཟུགས་སྦྱོང་བའི་དགོས་པ།

༣   སྨྱུག་ཁ་བཟོ་སྟངས་དང་། སྦྱང་ཤིང་བཀྲུ་སྟངས།

༤   གཞུང་རུས་ཀ་མད་དང་དབྱངས། ཟློས་ཧྲལ། ཚུགས་རིང་གསུམ་གྱི་རྩ་བའི་ཐིག་རྒྱག་སྟངས། བྱང་ཤིང་དང་སྨྱུག་གུ་བཟུང་སྟངས། གཟུགས་པོའི་སྡོད་སྟངས།

༥   གཞུང་རུས་ཀ་མད་དང་ལོག་ཡིག མཐུག་པོའི་ཡི་གེའི་འབྲི་སྟངས། ངེས་པར་དོ་སྣང་དགོས་པའི་ཡི་གེ་ཇ་དང་། ཛ། ཝ། ར། ཧ། ཊ། ཋ། ཀྵཿབཅས་ནན་བཤད་དང་བསྐྱར་བྲི་བྱེད་པ། གཏེར་ཚེག་དང་རྣམ་བཅད་ཀྱི་དབྱེ་བ་དང་དགོས་པ།

༦   ཟློས་ཧྲལ། (ཡ་བཏགས་ཅན་༧། ར་བཏགས་ཅན་༡༤། ཡ་བཏགས་ཞབས་ཀྱུ་ཅན་༦། ར་མགོ་ཅན་༡༢། ལ་མགོ་ཅན་༡༠། ས་མགོ་ཅན་༡༡། ར་བཏགས་ཞབས་ཀྱུ་ཅན་༨། ས་མགོ་ར་བཏགས་ཅན་༦། ར་མགོ་ཡ་བཏགས་ཅན་༣། ས་མགོ་ཡ་བཏགས་ཅན་༥། ལ་བཏགས་ཅན་༦། ཝ་ཟུར་ཅན་༡༢། མདོགས་ཅན་ཝ་ཟུར་ཅན་༢། ར་མགོ་ཝ་ཟུར་ཅན་༡།   )ཚུགས་རིང་གི་འབྲི་སྟངས།  

༧   ཚུགས་ཐུང་དང་། ཚུགས་ཆུང་འབྲི་སྟངས། ལྷག་པར་བྲིས་ཀྱི་བསྟན་བཅོས་ལས་ཁྱིམ་མཚེས་དག་ལ་གནོད་མ་བྱེད་ཞེས་པ་ཇི་ལྟར་དགོས་པའི་འབྲེལ་བརྗོད་བྱེད་རྒྱུ།

༨   དབུ་ཅན་གྱི་ཐིག་དང་། ཀ་མད་དང་དབྱངས། མགོ་འདོགས་ཅན་གྱི་འབྲི་སྟངས། རང་ཉིད་ཕྱུག་པ་གྱོན་པ་ལས་རང་གི་གནས་བབས་དང་མཐུན་པའི་གྲ་ཆས་གྱོན་ན་ལེགས་ཚུལ་བསམ་པ།