ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ནམ་ཁ་བ་ལྕང་སྐྱེས་ནི་སྤྱི་ལོ༡༩༧༢ལོའི་ཟླ༡པའི་ཚེས་༦ཉིན་མཚོ་སྔོན་གྱི་བ་ཡན་ཁོ་ཚེ་སྡེ་བར་སྐྱེས་ཤིང་མང་ཡུལ་ལྕང་སྡོང་དུ་ལང་ཚོའི་འདབ་ལག་རྒྱས་བ་ཡིན། ཁོང་1996ལོའི་ཟླ7པར་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་རྗེས་མང་རྫོང་བོད་ཡིག་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བར་ཞུགས། སྤྱི་ལོ་2012ལོར་ལོ་ངོ་གཉིས་རིང་ལ་མི་བུ་རང་སྒེར་གྱིས་མ་དངུལ་ངེས་ཅན་ཞིག་བཏང་ནས་སྣ་ཁ་མང་ལ་སྒྱུ་རྩལ་གྱི་རིན་ཐང་བླ་ན་མཐོ་བའི་བྲིས་གཟུགས་སྣ་ཚོགས་བརྒྱད་ཅུའི་གྲངས་ལ་ཉེ་བ་སློབ་གྲྭར་འགྲེམ་སྟོན་བྱས་ཏེ་ཡུལ་དངོས་ནས་དགེ་སློབ་ཀུན་གྱིས་དགའ་བསུ་ཐོབ་པར་མ་ཟད། འབྲེལ་ཡོད་མགོ་ཁྲིད་ཀྱིས་ཀྱང་གདེང་འཇོག་ཚད་མཐོར་གནང་བ། དེའི་ཟླ་6པར་མཚོ་སྔོན་བོད་སྐད་རྒྱང་སྒྲོག་གི་༼ཁ་བའི་ཞབས་རྗེས་།༽ལེ་ཚན་དང་བོད་སྐད་རླུང་འཕྲིན་གྱི་375ཐད་གཏོང་ཁང་གི་ལེ་ཚན་གཉིས་ལས་སྔ་རྗེས་སུ་བོད་ཀྱི་ཡིག་གཟུགས་དང་འབྲེལ་བའི་ཤེས་བྱ་སྐོར་ཁ་བརྡ་བྱས་མྱོང་།2012ལོའི་ཟླ2པའི་ཚེས19ཉིན་ལ་མཚོ་སྔོན་མི་རིགས་སློབ་ཆེན་དུ་རང་གིས་ལོ་གཅིག་རིང་ལ་རྩོམ་འབྲི་གནང་བའི་ཡིག་གཟུགས་སྣ་འདུས་ཤོག་དྲིལ་རིང་མོ་རྨིད་༡༢༠ཡོད་པ་ཞིག་ལེགས་འགྲུབ་བྱུང་ནས་འགྲེམ་སྟོན་བྱས་པ་མ་ཟད། 2013ལོའི་མང་རྫོང་གཙགས་དྲུབས་རིག་གནས་དུས་ཆེན་སྟེང་ཨང་དང་པོའི་བྱ་དགའ་འཐོབ། 2012ལོའི་ཟླ7པར་ཡིག་གཟུགས་སྣ་ཁ་བཞི་རྐང་ཚ་རྫོང་སྲིད་གཞུང་གིས་བསྒྲུབ་པའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནང་དོན་བྱས་པའི་རྡོ་བརྐོས་ཡིག་གཟུགས་སྒྱུ་རྩལ་དུ་འདམས་ནས་བརྐོས་ཡོད། མཚོ་ལྷོ་སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་མི་དང་མང་རྫོང་གི་《མང་ཆུ》དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། མང་རྫོང་བོད་ཡིག་ སློབ་འབྲིང་གི་ཡིག་གཟུགས་མཛུབ་སྟོན་དགེ་རྒན་བཅས་ཀྱི་འགན་བཞེས། གཞན་ཡང་རང་གི་གསར་རྩོམ་སྙན་ངག་༼གསང་བའི་ངུ་འབོད།༽༼སྙིང་རྗེ་ན་རྗེ་རྒྱུ་གན་ན་ཡོད།༽༼སྐྱེ་རྒུའི་ཚད་བརྒལ་འཕྱོར་གོས་ཡང་རོ་ལངས་བརྒྱབ་བྱུང་།༽༼བདེན་གཤིས་བོར་བའི་ཕ་ཡུལ་གྱི་ལོ་ཟླ།༽དང་།ཡིག་གཟུགས་དཔྱད་བརྗོད་༼ཡིག་གཟུགས་འབྲི་ཚུལ་གྱི་དགོས་བ་གླེང་པ།༽ཡིག་གཟུགས་ཀྱི་བརྩམས་ཆོས་༼ཡིག་གཟུགས་བདམས་བཀོད།༽སོགས་ཁྲི་གཤོག་སྙེ་མའི་རྩོམ་རིག་འཕྲིན་སྟེགས་དང་ཁ་གྱའི་ཁྱུང་སྔོན་རྩོམ་རིག་འཕྲིན་སྟེགས། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཕྲིན་སྟེགས། འབྲོང་ཕྲུག་རྩོམ་རིག་འཕྲིན་སྟེགས་སོགས་སུ་བཀོད་ཡོད། ཁ་རྩང་དེ་རིང་བྱ་མདོ་དཀྱིལ་སྙིང་སློབ་གྲྭར་སློབ་རའི་རིག་གནས་ཀྱི་བྱ་བ་བསྒྲུབ་ཅིང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཐད་ལ་གང་ཐུབ་ཀྱི་བྱས་རྗེས་འཇོག་མུས་སུ་ཡོད།
|