设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

༄༅།།ཉེ་དུས་སུ་བྱོན་པའི་བྲིས་མཁན་རྣམས་ཀྱི་མཛད་རྣམ་མདོར་བསྡུས།

 二维码 349
发表时间:2015-03-04 10:26作者:རིག་བསྟན་གྱིས 编辑:ཧེ་རམ་པ་གླང་བཞོན།来源:བོད་ཀྱི་ཡིག་གཟུགས་དྲ་བ།

ཐུབ་བསྟན་ཉི་མ།

      གཟན་དཀར་ཚང་ནི་རབ་བྱུང་དྲུག་པའི་ཆུ་ལུག་ལོ་སྟེ་སྤྱི་ལོ་༡༩༤༣ལོར་ཁམས་མི་ཉག་དར་མདོ་རྫོང་དུ་ཡབ་ཡང་པ་པ་དང་ཡུམ་རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་གསུམ་གྱི་ཐོག་ཏུ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་མཛད། ལྷ་སྒང་དགོན་པ་དང་མ་ཧཱ་ལྕུམ་ལུང་དགོན་པའི་ནང་དུ་ལོ་བཅུ་ཙམ་གྱི་རིང་ལ་སྤྲུལ་སྐུའི་འཚོ་བ་རོལ་བར་མཛད། དེའི་རྗེས་སྡེ་དགེ་རྫོང་གསར་དང་རྡོ་གྲུབ་ཆེན་བཅས་ལ་ཕེབས་ནས་དཔེ་ཆ་སློབ་གཉེར་མཛད། རྗེས་སུ་དར་མདོ་རྫོང་ཆབ་སྲིད་གྲོས་མོལ་ལས་ཁུངས་སུ་ཕྱག་ལས་མཛད། ཁོང་གི་གོ་གནས་ནི། ཀྲུང་གོ་བོད་རིག་པ་ལྟེ་གནས་ཀྱི་ཁོངས་གཏོགས་བཀའ་བསྟན་དཔེ་སྡུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཞིང་ཆེན་བོད་ཡིག་སློབ་གྲྭའི་ཞའོ་ཀྲང་གཞོན་པ། སི་ཁྲོན་ཞིང་ཆེན་གྱི་མི་རིགས་ཞིབ་འཇུག་ཁང་གི་སུའོ་ཀྲང་། རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པ་དང་དགུ་པ་གཉིས་ཀྱི་འཐུས་མི་སོགས་ཀྱི་འགན་བཞེས་ཡོད། གསུང་རྩོམ་སྐོར་ནི། བོད་རྒྱ་ཚིག་མཛོད་ཆེན་མོ་དང་། བོད་དབྱིན་ཚིག་མཛོད་ཆེན་མོ་གཉིས་ཀྱི་རྩོམ་སྒྲིག་པ་གཞོན་པའི་འགན་བཞེས་པ་དང་།གེ་སར་ཚིག་མཛོད་ཀྱི་རྩོམ་སྒྲིག་པའི་གཙོ་འགན་བཞེས། དེ་མིན་ཕུང་པོ་ལྔའི་རྣམ་གཞག་དང་། ཤེས་བྱ་ཀུན་ཁྱབ་ཀྱི་ས་བཅད་རྩོམ་བསྒྲིགས་མཛད་པར་མ་ཟད། དེ་ཁོང་གིས་ཕྱག་བྲིས་མཛད་ནས་ཀུན་གྱི་བྲིས་དཔེ་བྱས། སྤྱིར་ཁོང་གི་ཕྱག་བྲིས་ནི་ཚུགས་ཐུང་དང་། དཔེ་ཚུགས། ཡིག་ཆུང་བཅས་ནི་ཁྱད་པར་དུ་ཡིག་གཟུགས་མཛེས་པོ་ཡོད།ཁོང་གིས་བོད་ཀྱིཁོ༽ག་གཟུགས་ལ་མཛད་རྗེས་མི་དམན་པ་བཞག་ཡོད་དོ།།


བཀྲཤིས་དོན་འགྲུབ།

      བོད་ཀྱི་ཡིག་མཁན་བཀྲ་ཤིས་དོན་འགྲུབ་མཆོག་ནི་བོད་ས་སྟག་ལོ་སྟེ་སྤྱི་ལོ་༡༩༣༨ལོར་མདོ་ཁམས་ཏྲེ་སྟོད་རོང་པ་ཚཞེས་པའི་ཡུལ་གྲུ་རུ་སྐུ་འཁྲུངས། སྔར་གཞུགས་རྣམས་སུ་མཚན་ལྡན་གྱི་བླ་མ་དུ་མ་ཚུལ་བཞིན་བསྟེན་ཅིང་ཟབ་རྒྱས་ཆོས་ཀྱི་གདམས་པ་ཅི་རིགས་པ་གསན་བཞེས་ལེགས་པར་གནང་བར་མ་ཟད། སྤྱི་ལོ་༡༩༨༢ལོར་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་ཕེབས་ཏེ་དམ་པ་དུ་མ་ལས་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་ཚུལ་མཐའ་ཡས་གསན་ཞོར་དུ་བྲིས་ཀྱི་ཟུར་ཁྲིད་སློབ་དཔོན་ཡང་མཛད། སློབ་མཐར་ཕྱིན་རྗེས་དཀར་མཛེས་དགེ་འོས་སློབ་གྲྭའི་དགེ་རྒན་མཛད་ཞོར་དུ་བོད་ཡིག་གི་བྲིས་དཔེ་ཆ་ཚང་བ་ཞིག་གསར་དུ་བརྩམས། སྐབས་དེར་དགེ་སློབ་ཚོའིབྲིས་ནི་གཞན་ལས་ཁྱད་པར་ཅན་དུ་གྱུར་པའི་བྲིས་ཡག་པོ་བྱུང་ཡོད་པ་ནི་གཙོ་བོ་ཁོང་གི་སྐུ་དྲིན་རེད་སྙམ། གཞན་ཡང་ཁོང་སྔོན་རྗེས་ཅི་རིགས་ལ་རྫོང་གསར་བཤད་གྲྭ་དང་། སྡེ་དགེ་དགོན་ཆེན་དགོན་པ། རྒྱལ་བསྟན་སློབ་གྲྭ་སོགས་ལ་གདན་དྲངས་ནས་སུམ་རྟགས་དག་གསུམ་དང་། བྲིས་གཟུགས་དབུ་ཅན་དང་དབུ་མེད། རྩིས་ནག་བཅས་འཆད་སྤེལ་གྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་ཏེ་ད་སྐབས་ཁོང་རང་ཉིད་ཀྱི་དགོན་པ་གླང་ནག་དགོན་ནང་དུ་བཞུགས་ནས་གྲྭ་པ་སོགས་ལ་བྲིས་སོགས་ཀྱི་སློབ་ཁྲིད་ཅུང་ཟད་རེ་གནང་ནས་འཚོ་ཞིང་བཞུགས་བཞིན་པའོ། །


དཀོན་མཆོག་བསྟན་འཛིན།

      རབ་བྱུང་བཅུ་དྲུག་པའོ་ས་གླང་ལ་སྟ་༡༩༤༩ལོར་ཉག་རོང་གི་ཆ་དགའ་ཞེས་པའི་ཡུལ་དུ་སྐུ་འཁྲུངས། ཁོང་ལོ་དྲུག་གི་ཐོག་ནས་ས་སྐྱའི་སྤྲུལ་སྐུ་ཞང་པོ་ལུང་རྟོགས་མདུན་ནས་ཡི་གེ་འབྲི་ཀློག་བསླབས། སྨན་གསར་གྱི་བཟོ་རྒྱུན་མཁས་པ་ཉ་ངོས་གནས་བརྟན་མདུན་ནས་བོད་ཀྱི་རི་མོ་ལ་ཅུང་ཟད་སྦྱངས། དར་མདོ་དགེ་འོས་སློབ་གྲྭ་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རྒྱ་བོད་ཀྱིརི་མོ་དང་ཕྱི་གླིང་གི་མཛེས་རྩལ་སོགས་ལ་སློབ་གཉེར་མཐར་ཕྱིན་པར་མཛད། ཐང་བླ་ཚེ་དབང་སོགས་ཀྱི་མདུན་ནས་ཀྱང་བོད་ཀྱི་ཤེས་བྱ་ལ་སྦྱང་བརྩོན་མི་དམན་པར་མཛད། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུཞི་གཞོན་པ་དང་ཁུལ་རྩོམ་སྒྱུར་ཅུས་ཀྱི་ཅུས་ཀྲང་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་བཞིན་ཡོད། སློབ་དཔོན་ཆེན་པོ། རྒྱལ་སྤྱིའི་མཁས་པའི་གྲས་སུ་ཚུད་ནས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སློབ་གྲྭ་ཆེན་མོ་ཁ་ཤས་ནང་དུ་འཆད་ཁྲིད་བྱེད་མཁན་གདན་འདྲེན་ཞུས། ཁོང་ནི་བྲིས་ཀྱི་རིག་གཞུང་ལ་མཁས་པས་དེའི་སྐོར་གྱི་དཔྱད་རྩོམ་ཡང་ཡོད་། གསུང་རྩོམ་ནི། པོད་ཆེ་ཆུང་བདུན་ཙམ་ཡོད་དོ། །

    རྡོར་དྲིལ། བྲིས་པ་ལྷ་བཟོ་རྡོར་དྲིལ་ནི་རབ་བྱུང་དྲུག་པའི་ས་ཕག་ལོ་སྟེ་སྤྱི་ལོ༡༩༥༩ལོར་མདོ་སྨད་ཝ་ཤུལ་གསེར་རྟ་སྟག་རྩེ་ཤང་ཁ་ཤུལ་སྡེ་པ་རུ་ཡབ་པད་ཚུལ་དང་ཡུམ་སྐྱིད་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ཆུང་དུས་ནས་རོ་མོ་དང་བོད་ཡིག་འབྲི་ཀློག་ལ་སློབ་སྦྱངས་མཛད། སྤྱི་ལོ༡༩༨༢ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་དགེ་བའི་བཤེས་གཉེན་བཅུ་གསུམ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་སློབ་སྦྱདས་མཛད་པ་མ་ཟད།སྐབསདེར་སྡེ་དགེ་དཔལ་སྤུངས་དགོན་དུ་ཕྱིན་ནས་མཁས་དབང་ཐང་བླ་ཚེ་དབང་མདུན་དུ་ལོ་གཉིས་ཙམ་ལ་བོད་ཀྱི་རི་མོ་དང་ཐིག་རྩ་བཅས་སློབ་གཉེར་བྱས་ནས་སློབ་མཐར་ཕྱིན། སྤྱི་ལོ༡༩༨༦ལོར་དཀར་མཛེས་མི་རིགས་ལས་བྱེད་སློབ་གྲྭའི་དགེ་རྒན་བྱས། ཁོང་གིས་རི་མོ་སློབ་ཁྲིད་བྱེད་མྱོང་སའི་སློབ་གྲྭ་ནི། དར་མདོ་མི་རིགས་དགེ་འོས་སློབ་གྲྭ་དང་། ཞིང་ཆེན་བོད་ཡིག་སློབ་གྲྭ    གསུངརྩོམ་སྐོར་ནི། ཡིག་གཟུགས་བློ་གསར་མིག་འབྱེད། བྲིས་དཔེ་འདི་ལ་བོད་མཁས་པ་དང་བླ་མ་དང་། སྤྲུལ་སྐུ་བཅས་མི་སྣ་སྐད་གྲགས་ཅན་མང་པོ་ཞིག་གིས་བསྟོད་བསྔགས་ཐོབ་ཡོད། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་ལྷ་རིས་དང་དེའི་གསལ་བཤད་དཀར་ཆག་གི་དཔེ་ཆ་ལ་རྒྱལ་ཁབ་ཀྱི་དཔེ་མཛོད་ཁང་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཁང་གི་བྱ་དགའ་ཨང་དང་པོ་ཐོབ་ཡོད། དཔྱད་རྩོམ་ནི་བྲིས་མི་ཤེས་པའི་སྐྱོན་དང་ཇི་ལྟར་བསླབ་ན་ལེགས་ཞེས་སོགས་ཡོད་དོ། །


བསོད་ནམ་རྒྱ་མཚོ།

      སྒ་སྐྱལོའི་རྒྱུད་པ་བསོད་རྒྱ་ནི་བོད་ཤིང་བྱ་ལོ་སྟེ་སྤྱི་ལོ་༡༩༤༥ལོར་མདོ་ཁམས་ཏྲེ་སྟོད་རོང་པ་ཚ་ཞེས་པའི་ཡུལ་དུ་སྐུ་འཁྲུངས།སྔ་གཞུག་རྣམས་སུ་མཚན་ལྡན་དགེ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ནས་ཟབ་རྒྱས་ཆོས་ཀྱི་གདམས་པ་ཅི་རིགས་གསན་བཞེས་མཛད་པར་མ་ཟད། སྤྱི་ལོ་༡༩༨༢ལོར་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་ཕེབས་ཏེ་སྐྱེས་ཆེན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་གསན་བསམ་མཛད་ཞོར་དུ་བྲིས་ཀྱི་ཟུར་ཁྲིད་དགེ་རྒན་ཡང་མཛད། རྗེས་སུ་སློབ་མཐར་ཕྱིན་ནས་པེ་ཅིན་རིག་གནས་ཕོ་བྲང་དུ་ཕེབས། དེའི་རྗེས་སུ་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་དགེ་རྒན་མཛད། མདོ་དབུས་ཁམས་གསུམ་གྱི་བླ་སྤྲུལ་ན་གཞོན་མི་ཉུང་བ་ཞིག་ཁོང་གི་ཞལ་སློབ་ཏུ་གྱུར། སློབ་དཔོན་ཆེན་པོའི་གོ་གནས་བཞེས་ཏེ་བསྟན་འགྲོའི་དོན་ཆེན་སྒྲུབ་བཞིན་ད་སྐབས་པེ་ཅིན་དུ་བཞུགསཡོད། རྩོམ་ཡིགསྐོར། གངས་ཅན་ལྷོ་ཊའི་ཡིག་གཟུགས་སྣ་ཚོགས་ཀྱི་མ་ཕྱི་གཡུ་ཁྲིའི་ཕྱག་བྲིས་སོགས་ཡོད་དོ། །


སྐལ་བཟང་ཆོས་འཕེལ།

       བྲིས་མཁན་ཆོས་འཕེལ་ཚང་ནི་སྤྱི་ལོ་༡༩༤༣ལོར་ཁམས་འབའ་ཐང་རྫོང་གི་ལྷ་ས་བུ་མོ་ཚང་ལ་སྐུ་འཁྲུངས། དཀར་མཛེས་མི་རིགས་དགེ་འོས་སློབ་གྲྭ་མཐར་ཕྱིན། དཀར་མཛེས་གསར་འགྱུར་ཁང་གི་ནང་དུ་ལོ་བཅོ་ལྔའི་རིང་ལ་བོད་ཡིག་རྩོམ་སྒྱུར་གྱི་ལས་དོན་བསྒྲུབས།སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ལོ་ལྔ་ཙམ་བྱས། ཁུལ་མི་རིགས་ལས་བྱེད་སློབ་གྲྭའམ་ཁུལ་སྲིད་འཛིན་སློབ་གླིང་གི་བོད་རྒྱ་ཡིག་སྒྱུར་དང་ཡིག་གཟུགསདགེརྒན་ལོམངམཛད་ནས་བོད་ཀྱི་བྲིས་གཟུགས་ལ་བྱས་རྗེས་ཆེན་པོ་བཞགཡོད། ཁོང་གི་གོ་མིང་ནི་གླིང་གེ་སར་རིག་པ་བ་དང་ལོ་ཙཱ་བ། (འགྱུར་ཞུས་དགེ་རྒན་ཆེན་མོ) ཡིན། སི་ཁྲོན་ཁམས་བོད་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ། དཀར་མཛེས་ཁུལ་རྒན་པའི་ཡིག་རིས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བོད་ཡིག་《གངས་དཀར་རི་བོ་》དུས་དེབ་ཀྱི་ལག་བསྟར་རྩོམ་སྒྲིག་པ་གཙོ་བོ་སོགས་ཀྱི་གོ་གནས་བཞེས་ཡོད་ཅིང་། ཁོང་གི་བྲི་གཟུགས་ཆེས་བཟང་ཤོས་ནི་འབྲུ་ཚ་ཞབས་ཐུང་མ་ཡིན། འབྲུ་ཚ་མཁན་པོ་ཁོང་ནི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ཡིག་རིས་འགྲེམ་སྟོན་དུ་ཞུགས་མྱོང་ལ། དཀར་མཛེས་ཁུལ་གྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་དུ་ཨང་དང་པོ་དང་གསུམ་པའི་བྱ་དགའ་ཐོབ་མྱོང་། གསུང་རྩོམ་དང་ཡིག་སྒྱུར་སྐོར་ནི། གསར་འགྱུར་དང་དུས་དེབ་ཐོག་རྩོམ་ཡིག་སུམ་བརྒྱ་ལྷག་ཙམ་བཀོད་ཡོད་ལ། ཆེད་རྩོམ་བཅུ་ལྷག་བཀོད་ཡོད། ཁེར་སྒྱུར་དང་མཉམ་སྒྱུར། མཉམ་རྩོམ་འདེམས་སྒྲིག དག་ཞུ་བྱས་ནས་དཔེ་སྐྲུན་བྱས་པའི་དཔེ་ཆ་ཁྱོན་པོད་ཉེར་ལྔ་ཡོད། དེའི་ནང་གླིང་གེ་སར་རྒྱལ་པོའི་སྒྲུང་པོད་ལྔ་འདུས་ཤིང། རྒྱལ་ཁབ་ཀྱི་ལས་ཁུངས་དང་ཞིང་ཆེན། ཁུལ་རིམ་པའི་བྱ་དགའ་བཅུ་ལྷག་ཙམ་ཐོབ་ཡོད་དོ། །


ཚེ་རིང་དབང་རྒྱལ།

      ཁོང་ནི་སྤྱི་ལོ་༡༩༥༥ལོར་མདོ་ཁམས་ཏྲེ་སྟོད་རོང་པ་ཚཞེས་པའི་ཡུལ་དུ་སྐུ་འཁྲུངས། སྤྱི་ལོ་༡༩༨༢ལོར་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་བོད་ཀྱི་རིག་གནས་སྤྱི་བྱེ་བྲག་ལ་སློབ་གཉེར་ཚུལ་བཞིན་དུ་བྱས། སྐབས་དེའི་ཞོར་དུ་བྲིས་ཀྱི་ཟུར་ཁྲིད་དགེ་རྒན་ཡང་བྱས། སློབ་མཐར་ཕྱིན་རྗེས་དར་མདོ་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་བོད་ཡིག་ཚན་ཁག་ཏུ་ལས་དོན་བསྒྲུབས། ད་སྐབས་དགེ་རྒན་ཆེན་མོ་གཞོན་པ་དང། རང་ཁུལ་གྱི་གླིང་རྗེ་གེ་སར་རྒྱལ་པོའི་ཞལ་ཐང་ཆིག་སྟོང་ལྷག་གི་འཆར་འགོད་པ་དང་། ཁོང་གིས་རང་གཞན་ལ་བྲིས་པ་ཡང་བོད་ཡིག་དབུ་ཅན་དང་དབུ་མེད་ཀྱི་གྲངས་ཀ་ལ་མཚོན་ན་སྔ་ཕྱི་ཚང་མ་བསྡོམས་པས་པོད་ཆེ་ཆུང་བརྒྱ་ལྷག་ཙམ་ཕྱག་བྲིས་གནང་ཡོད། རྩོམ་ཡིག་སྐོར། བོད་ཀྱི་ཡིག་གཟུགས་ཀུན་གསལ་མེ་ལོང་དང་། དྲན་དབང་དགེ་འདུན་ཆོས་ཕལ་གྱི་རྣམ་ཐར། དཔྱད་རྩོམ་ཡང་མང་ཙམ་ཡོད། བྲིས་གཟུགས་འགྲན་བསྡུར་བྱེད་རྒྱུའི་སྐོར་ལ་བྱ་དགའ་ཡང་མི་ཉུང་བ་ཙམ་ཐོབ་ཡོད།


དཔལ་བསྔུས།

      སྟག་རོང་དཔལ་བསྡུས་ནི་བོད་མེ་རྟ་ལོ་སྟེ་སྤྱི་ལོ་༡༩༦༦ལོར་ཁམས་སྡེ་དགེའི་ཡིད་ལྟུང་ཁོག་གི་གནས་ཆེན་བདེ་གཤེགས་ཡོངས་རྫོང་གི་ཉེ་སྐོར་གྱི་དུང་འབྲུག་ནང་དུ་སྐུ་འཁྲུངས། སྤྱི་ལོ་༡༩༨༢ལོར་སྡེ་དགེ་རྫོགས་ཆེན་བོད་ཡིག་སློབ་གྲྭར་ཞུགས་ཏེ། མཁན་པོ་པད་ཚེ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ཙམ་བསྙེན་ནས་རིག་པའི་གནས་སྤྱི་ལ་སྦྱངས་པ་མི་དམན་པར་མཛད། སློབ་མཐར་ཕྱིན་ནས་ད་བར་དུ་སློབ་གྲྭ་དེ་གར་དགེ་རྒན་གྱི་འགན་བཞེས། སློབ་ཁྲིད་གཙོ་བོ་བྲིས་གཟུགས་དང་རྩིས་དཀར་ནག་སྨན་བཅས་ཁྲིད་ནས་འབྲས་བུ་ཡང་མི་དམན་པར་ཐོབ་ཡོད། ཁོང་གི་མཚན་ལ་ཁྲོ་ཚ་ཡང་ཞུ། དེས་རྒྱུ་མཚན་ནི་ཨ་ཁུ་ཁྲོ་ཐུང་གི་ཡང་ཚཞིག་ཡིན་པས་སམ་སྟག་རོང་གི་རྒྱུད་པ་ཡིན་པར་བརྟེན་ནས་མིང་དེ་འདྲ་བཏགས་པ་རེད་སྙམ།

གྲགས་པ།

      མདོ་སྨད་ཀྱི་ཡིག་གཟུགས་ལ་མཁས་པ་ཡིན་ནོ། རྩོམ་ཡིག་སྐོར། བྲིས་དཔེ་མ་ཕྱི་ཀུན་འཛོམས་དང་། འབྱུང་རྩིས་ལས་སྤར་བརྒྱད་ཟླ་བའི་འོད་ཟེར། གཤིན་རྩིས་སྐར་འོད་མ། བོད་ཀྱི་ཡི་གེའི་རྣམ་བཤད་སེང་གེའི་ང་རོ། ལོ་ཐོ་བལྟ་ཐབས་འབྲས་རྩིས་མེ་ལོང་མ་བཅས་ཡོད།

      གོང་གསལ་དག་ནི་སྤྱི་ལོ་༡༩༨༠ལོ་ནས་༢༠༠༥ལོའི་བར་གྱི་གནས་ཚུལ་མདོར་བསྡུས་ཙམ་ཡིན། གཞན་ཡང་བོད་ཀྱི་བྲིས་ཅན་གྱི་མི་སྣའི་མཛད་རྣམ་བྲི་སྐབས་ཀན་སུའུ་ཡེ་ཤེས་རྒྱ་མཚོདང་པ་སྣམ་རྡོ་རྗེ་ཚེ་རིང་། ལྷ་སའི་སློབ་གྲྭ་ཆེན་མོའི་དགེ་རྒན་བསྟན་པ་རབ་བརྟན་དང་ཀརྨ་ཕྲིན་ལས་སོགས་གནའ་དེང་གི་བོད་ཀྱི་བྲིས་གཟུགས་ལ་བྱས་རྗེས་ཅན་འགའ་རེའི་རྣམ་ཐར་བསྡུ་མ་ཐུབ་པ་རྣམས་རྗེས་སུ་བོད་ཀྱི་བྲིས་པ་ཚོས་རྣམ་ཐར་ཆ་ཚང་བ་རེ་ཕྲན་ལ་བསྐུར་གནང་མཛད་རྒྱུ་ཐུགས་རྗེ་ཆེ་ཞུ་ཞུ་མཁྱེན་མཁྱེན། །