ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་མཆོག་ནི་ཁམས་སྡེ་དགེ་ཨ་ལོའི་ཡུལ་གྱི་བྲེ་བྲག་དེང་རིང་སྒང་དུ་ཡབ་ངག་དབང་ཚེ་རིང་དང་ཡུམ་ཕྲ་མགུ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་ལོ་སྟེ་སྤྱི་ལོ་1700ལོར་སྐུ་འཁྲུངས། མཚན་མགོན་པོ་སྲུང་དུ་བཏགས། དགུང་ལོ་གསུམ་པར་སི་ཏུ་སྐུ་ཕྲེང་བཞི་པའི་ཡང་འཛིན་དུ་ངོས་འཛིན་མཛད། ཀརྨ་ཞྭ་དམར་བརྒྱད་པ་དཀོན་མཆོག་རྣམ་རྒྱལ་གྱིས་ཆོས་ཀྱི་འབྱུང་གནས་འཕྲིན་ལས་ཀུན་ཁྱབ་ཡེ་ཤེས་ཞེས་མཚན་གསོལ། དགུང་ལོ་ལྔ་པར་ཡབ་ཀྱི་མདུན་ནས་ཡི་གེ་སྦྱོར་ཀློག་བསླབས། མཁན་ཆེན་དཔལ་གྲུབ་དང་ཨ་ལོ་བླ་མ་ཀུན་མཁྱེན། ཀརྨ་ཞྭ་དམར་ནག་གཉིས། ཏྲེ་ཧོར་རིན་པོ་ཆེ་སོགས་ཀྱི་མདུན་ནས་བོད་ཀྱི་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་མཐར་ཕྱིན་པར་མཛད་པས་ཁོང་གི་སྙན་གྲགས་ས་ཆ་ཀུན་ལ་ཁྱབ། དགེ་ཕྱོགས་ཀྱི་ཆོས་སྐོར་རྣམས་གསན། ཞྭ་དམར་བརྒྱད་པའི་མདུན་དུ་དགེ་སློང་གི་སྡོམ་པ་མནོས། བོད་དང་རྒྱ་དཀར་ནག་གི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་དུ་མ་དགེ་རྒན་དུ་བསྟེན། ཁོང་གིས་མཁས་པའི་བུ་སློབ་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་དང་། རི་བོ་ཆེ་པ་ཚེ་དབང་ཀུན་ཁྱབ། དབོན་ངེས་ལེགས་བསྟན་འཛིན་སོགས་གསོ་སྐྱངས་མཛད། སྤྱིལོ་1727ལོར་དཔལ་སྤངས་ཐུབ་བསྟན་ཆོས་འཁོརོགླིང་ཕྱག་བཏབ། སྔོན་རྗེས་སུ་ཁོང་བལ་ཡུལ་དུ་ཐེངས་གཉིས་དང་།དབུས་སུ་ཐེངས་ལྔ། གཙང་དུ་ཐེངས་གཉིས་ཕེབས། རྒྱལ་མོ་ཚབ་རོང་དང་།ཡུན་ནན། འཇང་ཡུལ་བཅས་སུའང་ཞབས་ཀྱིས་བཅགས། མཐར་དགུང་ལོ་དོན་ལྔ་པ་རབ་བྱུང་བཅུ་གསུམ་པའི་ཤིང་རྟ་[༡༧༧༤]ལོར་ཤར་རྒྱལ་མོ་ཚབ་རོང་དུ་ཕེབས་སྐབས་ལམ་བར་དཀར་མཛེས་སུ་བད་མཁྲིས་ཀྱི་སྙུན་གཞི་བཞེས་ནས་སྐུ་གཤེགས།
ཁོང་གི་གསུང་རྩོམ་ནི། སི་ཏུ་བཀའ་འབུམ་པོད་བཅུ་བཞི་ཡོད། དེང་སང་དཔར་ཤིང་སྡེ་དགེ་དཔལ་སྤངས་དགོན་པ་ན་ཡོད་པར་བཤད་ཅིང་།ཁོང་གི་སུམ་རྟགས་ནི་རྒྱལ་ཁབ་ཕྱི་ནང་ཀུན་ལ་སྙན་པའི་གྲགས་པ་ཡོངས་ཁྱབ་ཏུ་གནས་པ་ནི་སྨྲོས་མ་དགོས་པའི་གནས་སུ་གྱུར་དོ། །
|