དེ་ཡང་རྗེ་བསྟན་དར་ལྷ་རམས་པའི་ཞལ་ནས་ཀྱང་།།རྩོམ་པ་ལེགས་ཀྱང་སུག་མི་འབྱོར་བ་ན། །དཔལ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །ཞེས་དང་།འཇམ་མགོན་ཀོང་སྤྲུལ་གྱིས། སྣག་ཤོག་སྨྱུ་གུ་མི་གཟབ་པར། །ཡི་གེ་གཟོབ་འདོད་ཡིག་མཁན་འཁྲུལ།། ཞེས་དང་། འཇུ་མི་ཕམ་གྱིས།འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། །དང་པོ་ཉིད་ནས་འདི་ལ་འབད་པར་གཅེས།། ཞེས་དང་། མཁས་མཆོག་ཚེ་ཏན་ཞབས་དྲུང་གིས། ཡི་གེ་དག་སྙོམས་མཛེས་གསུམ་ལས། ། མ་དག་སྐྱེས་བུ་སྙིང་མེད་འདྲ།། མི་སྙོམས་རྐང་ལག་འཁྱོར་བ་འདྲ། །མི་མཛེས་གོས་ངན་གྱོན་པ་འདྲ། །དག་སྙོམས་མཛེས་གསུམ་ཆ་གང་ཡང་།། མི་ལྡན་ལམ་ཁར་བོར་བ་ཡི། །གོས་ཧྲུལ་ངན་པ་སྐྱུག་བྲོ་འདྲ། །དེ་ཕྱིར་སྔ་མ་སྔ་མ་གཙོ།།གསུམ་ཀ་འཛོམས་ན་བཞིན་མཛེས་པའི།།དཔའ་བོ་ཟ་འོག་གོས་ཀྱིས་བཀླུབས། །ལུས་དང་ཡན་ལག་སྡུག་ན་སྡུག ། ཚོགས་པའི་ཁྲོམ་དུ་འགྲིམ་པ་འདྲ།། ཡི་གེ་སྦྱོང་འདོད་ཐོག་མ་རུ། ། འདི་འདྲའི་ཚུལ་གྱིས་ལམ་ལ་བཀྲི། ། ཞེས་གསུངས་པ་དང། ། དགེན་བློ་ཆོས་ཀྱིས།ཀ་ཁ་ཡི་གེ་འབྲི་ཀློག་ལ་མཁས་ན། །ཁ་དང་ལག་པ་ཡོད་པའི་དོན་གོ་ཆོད། ། ག་རུ་སོང་ཡང་ཀུན་གྱིས་གོང་དུ་བཀུར།ང་ཚོས་སྦྱངས་པའི་འབྲས་བུའི་གཙོ་བོ་ཡིན།།མཁས་མཆོག་དོར་ཞི་གདོང་དྲུག་སྙེམས་བློས། ། རི་མོ་རྣམས་ཀྱི་ནང་ནས་ཕུལ་བྱུང་བ། ། བརྗོད་དོན་གསལ་ལེར་མཚོན་པའི་ཡིག་རིས་ཏེ།། མཛེས་དག་སྙོམས་གསུམ་བཀོད་ལེགས་བཟོ་རྩལ་དང་། ། དོན་སྟོན་ཆོས་གཉིས་རིན་ཐང་ཁྱད་པར་འཕགས།།མི་རིགས་རིག་གནས་དར་རྒྱས་ཡིན་མིན་ནི། །སྐད་དང་ཡི་གེ་ཡོད་མེད་སྟེང་ནས་ཕྱེ། །རིག་གནས་སྤེལ་དང་གནས་པའི་ལག་ཆ་ཡང་།།ཡིག་རིགས་ལས་གཞན་ཐབས་ལེགས་ཡོད་མ་ཡིན། །རྩོམ་ལ་མཁས་ཀྱང་ཡིག་གཟུགསམ་ཡག་ན། ། ཁ་འཁྱོག་སྣ་རྡིབས་བུ་མོ་ན་ཆུང་བཞིན།། དེ་ཕྱིར་རྩོམ་དང་ཡིག་གཟུགས་གཉིས་ཀ་ལ། ། ཡན་ལག་ཚང་བར་སྦྱོང་བ་གནད་དུ་ཆེ། །ཞེས་གསུངས་པ་ལྟར་ཤེས་པར་བྱ་དགོས་སོ།།
ཡིག་གཟུགས་ཀྱི་རྣམ་གྲངས།
སྤྱིར་བོད་ཡིག་ལ་དབྱེ་ན་དབུ་ཅན་དང་དབུ་མེད་ཀྱི་དབྱེ་བ་ཆེན་པོ་གཉིས་མ་གཏོགས་མེད་ཀྱང་།དེ་དག་ལ་ནང་གསེས་ཀྱིས་དབྱེ་ན་མང་པོ་ཡོད་དེ། དཔེར་ན་དབུ་ཅན་གྱི་གཟུགས་ལ་དབྱེ་ན་ཁྱུང་པོ་གཡུ་ཁྲི་མ་བྱོན་སྔོན་དུ་དབྱེ་བ་བརྒྱད་ཙམ་གྱི་འགྱུར་བ་བྱུང་ཞིང་གཡུ་ཁྲིས་གཏན་འཁེལ་མཛད་རྗེས་ཤ་ག་གསརང་རུས་གཟུགས་གཉིས་སུ་གྱེས།དཔང་ལོ་ཙཱ་བའི་བྲིས་རྒྱུན་དབུས་བྲིས་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤར་བྲིས་གཉིས་ལ་ཤ་གཟུགས་མ་ཞེས་འབོད་ཅིང་།ཁམས་ཕྱོགས་སུ་དར་བའི་སྡེབ་བྲིས་དང་། ཀརྨ་སྒར་བྲིས་གཉིས་ལ་རུས་བྲིས་ཞེས་ཡོངས་སུ་གྲགས་ལ།དབུ་མེད་ཀྱི་གཟུགས་ལ་འགྱུར་བ་ཆེན་པོ་བྱུང་ནས་ཚུགས་རིང་དང་། ཚུགས་ཐུང་། ཚུགས་མ་འཁྱུག འཁྱུག་ཆེན། འབྲི་ཚ་ལ་སྒོང་ཞབས་མ་དང་། ཚུགས་རིང་བ།ཞབས་རིང་བ།ཞབས་ཐུང་བ། དཔེ་ཚུགས་ལ་སེག་ཡོད་དང་། སེག་མེད། འབྲུ་ཚུགས།ཚུགས་ཐུང་། འཁྱུག་བྲིས། གཞན་ཡང་ལུགས་སུ་བླུག་པའི་ཡི་གེ་དང་།འབུར་དུདོད་པའི་ཡི་གེའཇམ་སང་གི་ཡི་གེ་རྐོས་པའི་ཡི་གེ ཚེམ་དྲུབ་ཀྱི་ཡི་གེ འཐག་བཏགས་པའི་ཡི་གེ ལངས་གཟུགས་ཡི་གེ་དང་ཡིག་གསར་སྣ་ཚོགས།གཏེར་ཡིག་སྣ་ཚོགས། བརྡ་ཡིག་སྣ་ཚོགས། ཡིག་རིགས་དྲུག་ཅུ་རྩ་བཞི་སོགས་གནའ་ནས་ད་བར་དུ་དབྱེ་བ་དུ་མ་ཞིག་བྱུང་ཡོད་པ་ཡིན་ནོ།།
ཡིག་གཟུགས་ཀྱི་འབྲི་ཐབས།
དེ་ཡང་ཇི་སྐད་དུ།ཆ་ཚད་འབྲི་གཞི་སྣག་སྨྱུག་མཁས་པར་བསླབ། །གཙང་སྒྲོས་དག་པ་ཆེ་ཕྲ་ཀུན་ལ་གཅེས། ། གསུང་རབ་གཟབ་སོགས་གོ་རིམ་འཛོལ་མེད་འབྲི།། ཡིག་རིགས་གཞན་པ་མཐའ་ཡས་སྤྲོ་མི་ལངས། ། ཞེས་གསུངས་པ་ལྟར་དུ་ཡིག་གཟུགས་འབྲི་སྐབས་ཐོག་མར་ཆ་ཚད་དང་དབྱིབས་ལ་བསླབ་པ་གལ་ཆེ་སྟེ།དེའང་སྲིད་གཞུང་ཡི་གེ་དང་ཆོས་ཀྱི་གསུང་རབ་མང་དུ་བྲི་བའི་ཡིག་མཁན་རྣམས་ལ་དབུ་ཅན། འབྲུ་མ་ཚེག་སྒྲིགཟླུམ་རིས་རྣམས་བཟང་། དགེ་བའི་བཤེས་གཉེན་རྣམས་ལ་སུག་ཐུང་དང་གྲ་རིས་བཟང་། སྡེ་དཔོན་རྣམས་ལ་འབའ་ཧོ་དང་སུག་སྐོར་བཟང།སྐྱེ་བོ་གཞན་དག་ལ་འཕྲིན་ཡིག་བཟང་བར་བཤད་པ་ལྟར། མདོར་ན་རང་རང་ལ་གང་མཁོ་བ་དེ་ཉིད་ཁྱད་པར་དུ་སྦྱོང་བརྡར་བྱ་དགོས།བྲིས་ལ་བྱང་ནས་བྲི་བའི་སྐབས་སུ་འབྲི་གཞི་ཤོག་བུ་དང་འབྲི་བྱེད་སྣག་ཚ སྨྱུ་གུའི་བྱ་བ་རྣམས་སྔོན་གྱི་བསྟན་བཅོས་རྣམས་དང་ལག་རྒྱུན་ཁོངས་དག་ལས་འབྱུང་བ་བཞིན་དུ་གཟབ་ནན་གྱིས་མཁས་པར་བསླབས་ན།སྔོན་གྱི་མཁས་པའི་ལག་རྗེས་ལ་འགྲན་ཐུབ་པར་འགྱུར་རོ་ཞེས་ཀོང་སྤྲུལ་རིན་པོ་ཆེ་སོགས་ཀྱིས་གསུངས་སོ།།
བྲིས་གཟུགས་ལ་མཁས་པར་འགྱུར་བའི་ཚད།
འཇམ་མགོན་ས་པཎ་གྱིས།གང་དག་ཡི་གེ་འབྲི་བ་པོ། །སྙོམ་གཙང་འགྲིག་གསུམ་ལྡན་པ་དང་། །ལེགས་མགྱོགས་དག་གསུམ་དྲུག་ཚང་ན།།མཁས་པའི་གོ་ས་ཐོབ་པ་ཡིན། ཅེས་གསུངས་པ་ལྟར་དུ་གང་དག་ཡི་གེ་འབྲི་བ་པོ་དེས་དབུ་ཅན་དང་དབུ་མེད་གང་བྲིས་པའི་ཡིག་གཟུགས་ལ་དཀར་ནག་གི་ཆ་མཉམ་ལ་འབྲུ་ཁོག་སྒྲོས་པ།སྣག་ལམ་གཙང་ཞིང་ཡི་གེ་གྲ་འགྲིག་པར་མ་ཟད།ཡིག་གཟུགས་ལེགས་ལ། ལག་པ་བཟང་གོམས་སུ་ཆགས་ནས་མགྱོགས་པ་དང།ཆད་ལྷག་ནོར་འཁྲུལ་མེད་པའི་དག་པ་བཅས་དྲུག་དང་ལྡན་ན་བྲིས་མཁན་ཞེས་པའི་མིང་ཐོབ་པ་ཡིན་ཅིང་།དེ་ཡང་ཇི་སྐད་དུ། དང་པོ་མཁས་པའི་སློབ་དཔོན་བསྟེན་པ་དང་། ། བར་དུ་རིག་པའི་ཕྲེང་ལ་ཤར་བ་དང་།། མཐའ་མར་ལག་ལེན་བརྩོན་འགྲུས་བྱེད་པར་གནས། །དེ་ཡང་ཐོག་མར་ཐིག་ལ་རུས་པ་དང། །བར་དུ་རུས་ལ་ཤ་ཉམས་འདོན་པ་དང་།། མཐའ་མ་ཤ་ལ་མཛེས་ཉམས་བསླབ་པ་སོགས། ། གོ་རིམ་བཞིན་དུ་སྦྱོང་བ་གནད་དུ་ཆེ། །མགོ་ལ་མཐོ་དམའ་བར་ལ་ཡངས་དོག་དང་།།དེ་བཞིན་རྐང་ལ་རིང་ཐུང་མེད་པའི་ངོས། ། འབྲུ་ནི་ཡུངས་དཀར་བསྟར་ལ་བཀོད་འདྲ་བ། ། སྙོམས་ལེགས་བྱུང་དུས་ཧ་ལམ་ཤེས་པའི་ཚད།། ཅེས་གསུངས་པ་ལྟར་ཤེས་པར་བྱ་དགོས་སོ། །
|