༄།ཨ་མདོའི་ཡིག་བྲིས་པ་ཆེན་མོ་ངག་དབང་རྒྱ་མཚོ་ནི། སྤྱི་ལོ༡༩༦༩ ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་སྡེར་ནང་རབ་ཁ་མདའ་བ་རུ་འཁྲུངས། དགུང་ལོ་བརྒྱད་ཀྱི་སྟེང་ཁོང་གིས་མགོ་ལོག་དར་ལག་སྡེར་ནང་དགོན་དུ་སྡེར་ནང་ས་བྲིས་ཀྱི་བྲིས་རྒྱུན་འཛིན་པ་ཆེན་པོ་ཁུ་བོ་གློ་སྤྲུལ་ཀ་དག་ཡེ་ཤེས་ཀྱི་དྲུང་ནས་ཀློག་དང་ཆོས་སྤྱོད་ལེགས་པར་སྦྱངས། ལོ་བཅུ་གཅིག་ནས་ཀླུ་ཤུལ་མཆོག་སྤྲུལ་བློ་བཟང་ཤེས་རབ་དང་། ཀཿཐོག་རྨོག་སྤྲུལ་རིན་པོ་ཆེ། མཁན་ཆེན་པདྨ་བློ་གྲོས་ཀྱིས་གཙོས་པའི་བླ་མ་དགེ་བའི་བཤེས་གཉེན་དུ་མའི་ཞབས་པད་སྤྱི་བོར་བསྟེན་ནས་སྔོན་འགྲོ་དང་དབང་ལུང་ཁྲིད་གསུམ་གྱི་རྒྱུན་མང་པོ་མནོས། དགུང་ལོ་ཉེར་གཅིག་པ་ལ་ཁམས་ཀཿཐོག་དགོན་གྱི་སྒྲུབ་གྲྭར་ཞུགས་ནས་ལོ་དྲུག་ལ་བསྙེན་སྒྲུབ་ཚུལ་བཞིན་བྱས་ཤིང་། ཞོར་དུ་ཀཿཐོག་བླ་མ་མཁར་བསིལ་སྟོབས་ཆེན་གྱི་མདུན་ནས་ཁམས་བྲིས་ཀྱི་འབྲུ་ཚ་སུག་རིང་བསླབས། སྤྱིར་ཁོང་ནི་ལྷན་སྐྱེས་ཀྱིས་ཡི་གེ་བྲི་བར་ཤིན་ཏུ་སྤྲོ་བས་བྲིས་ཀྱི་དགེ་རྒན་མ་བསྟེན་གོང་དུ་རང་སྦྱོང་གིས་ཡི་གེའི་མཛེས་ཉམས་ཁྱད་དུ་འཕགས་པ་བྲིས་པ་ལའང་གཞན་གྱིས་བསྔགས་བརྗོད་མང་དུ་གནང་། དགུང་ལོ་ཉེར་བདུན་སྟེང་སྡེར་ནང་ས་བྲིས་ཀྱི་ཁུངས་གཏུགས་ས་སྡེར་ནང་བྲིས་རྒན་དུ་གྲགས་པའི་ཡིག་བྲིས་པ་ཆེན་མོ་ཁྲ་པད་གྲགས་མཆོག་བསྟེན་ནས་ཡིག་ཆེན་དང་། ཡིག་ཆུང་། འབྲུ་ཚ། མཚལ་སྣག་དང་དེའི་འདུལ་ལུགས། ཤོག་བུ་བཟོ་ལུགས་དང་བརྡར་སྟངས། དབུ་ཁང་དང་མཐའ་ཐིག་སེར་ཐིག་འདེབས་ལུགས། སྨྱུག་གྲིའི་དཔྱད་དང་སྨྱུ་གུ་བཟོ་ལུགས། སྨྱུ་གུ་འཛིན་སྟངས་དང་ལུས་ཀྱི་སྡོད་ལུགས་སོགས་ས་བྲིས་རང་ལུགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་རྣམས་ཀྱང་ལྷག་ལུས་མེད་པར་བསླབས། སྐབས་ཤིག་ཁོང་གིས་བྲིས་པའི་བྲིས་གཟུགས་ཤིག་ཁྲ་པད་གྲགས་རིན་པོ་ཆེའི་སྤྱན་སྔར་ཕུལ་བའི་ཚེ་ཐུགས་དགྱེས་པའི་བསྔགས་བརྗོད་དང་བཅས་མཚལ་སྣག་གི་པིར་གཉིས་དང་སྨྱུ་གུ་གཅིག་གནང་སྟེ་ས་བྲིས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་མ་འཆུག་སོགས་བཀའ་སློབ་མང་དུ་གནང་བ་ཐུགས་ལ་བཅགས་ནས་འདོན་ཆའི་སྐོར་པོད་ཆེ་ཆུང་ལྔ་ལྡེབས་གྲངས་ཆིག་སྟོང་བརྒྱད་བརྒྱ་བདུན་ཅུར་ལོངས་པ་བྲི་བའི་མཛད་པ་བསྐྱངས་ཏེ་སྡེར་ནང་ས་བྲིས་ཀྱི་ཡིག་བྲིས་པའི་འཐུས་ཚབ་པ་ཆེན་མོར་གྱུར།།
༢༠༠༨ལོར། མགོ་ལོག་སྡེར་ནང་ས་བྲིས་རྒྱལ་ཁབ་རིམ་པའི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་སུ་ཚུད་ཅིང་བྲིས་རྒྱུན་དེའི་གྲགས་པ་ལྷག་ཏུ་ཆེས་ཆེར་རྒྱས་པར་གྱུར།༢༠༡༤ལོར། ཁོང་ཞིང་ཆེན་རིམ་པའི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་སྟེ་སྡེར་ནང་ས་བྲིས་ཀྱི་རྒྱུན་འཛིན་པར་བདམས། ཁོང་གི་ཡིག་གཟུགས་ཀྱི་བརྩམས་ཆོས་མང་པོ་ཞིང་ཆེན་ཕྱི་ནང་དུ་ཐེངས་མང་པོར་འགྲེམ་སྟོན་བྱས་ཤིང་། ཕྱོགས་སོ་སོའི་ཡིག་བྲིས་མཁན་མང་པོས་བསྔགས་བརྗོད་བླ་ན་མེད་པ་གནང་། ཁོང་གིས་རང་ས་མགོ་ལོག་ཏུ་སྡེར་ནང་ས་བྲིས་ཀྱི་བྲིས་རྒྱུན་འཛིན་མཁན༤༠ལྷག་སྐྱེད་སྲིང་དང་།གཞན་ཡང་བོད་ཡུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་དགོན་སྡེ་དུ་མར་དོན་གཉེར་ཅན་བརྒྱ་ཕྲག་མང་པོ་ལ་སྡེར་ནང་ས་བྲིས་ཀྱི་ཁྲིད་རྒྱུན་སྤེལ་ནས་ས་བྲིས་པ་མང་པོ་གསོ་སྐྱོང་བྱས་ཏེ། སྡེར་ནང་ས་བྲིས་འཛིན་སྐྱོང་སྤེལ་གསུམ་ལ་ཕྱག་རྗེས་ཆེན་པོ་བཞག
ད་ལྟ་ཁོང་གིས་མགོ་ལོག་དར་ལག་སྡེར་ནང་དགོན་དང་སྡེར་ནང་ས་བྲིས་བོད་ཀྱི་རིག་གནས་རྒྱུད་འཛིན་སློབ་གླིང་དུ་ཡིག་གཟུགས་དགེ་རྒན་གྱི་འགན་བཞེས་མུར། བོད་ཀྱི་རིག་གནས་ཀྱི་རྨང་གཞིར་གྱུར་པའི་ཡིག་གཟུགས་ཀྱི་ནང་ཚན་སྡེར་ནང་ས་བྲིས་ཀྱི་འཕྲིན་ལས་ཕྱོགས་ཕྱོགས་སུ་རྒྱས་པའི་ལས་ཁུར་འདེགས་བཞིན་མཆིས་སོ།།
༄།ཨ་མདོའི་ཡིག་བྲིས་པ་ཆེན་མོ་ངག་དབང་རྒྱ་མཚོས་ཕྱག་བྲིས་གནང་བའི་སྡེར་ནང་ས་བྲིས་ཀྱི་དཔེ་མཚོན།
|