设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

༄༅།།༼ཐོན་མིའི་ཡིག་རྒྱུན༽ཡིག་གཟུགས་གསོ་སྦྱོང་གནས་ཚུལ་མཚམས་སྦྱོར།

 二维码 927
发表时间:2015-08-03 11:57作者:རྒྱ་ཡེ་བཀྲ་བྷོ་སོགས།来源:བོད་ཀྱི་ཡིག་གཟུགས་དྲ་བ།

༄༅། །མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གིས་བསྒྲུབས་པའིཐོན་མིའི་ཡིག་རྒྱུནཡིག་གཟུགས་གསོ་སྦྱོང་སྐབས་དང་པོའི་གནས་ཚུལ་མཚམས་སྦྱོར།


སྤྱི་ལོ༢༠༡༥ལོའི་ཟླ༧པའི་ཚེས༢༢ནས་ཟླ༨པའི་ཚེས༤ཉིན་བར།མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གིས་སློབ་གླིང་གི༢༠༡༥ལོའི་བྱ་བའི་འཆར་གཞི་ལྟར་མཚོ་སྔོན་ཞིང་ཆེན་གྱིཐོན་མིའི་ཡིག་རྒྱུན ཡིག་གཟུགས་མཐོ་རིམ་གསོ་སྦྱོང་སྐབས་དང་པོ་དེ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མཚོ་ལྷོའི་སློབ་ཁུལ་དུ་བསྡུས།

དེ་ཡང་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མཚོ་ལྷོའི་སློབ་ཁུལ་ཏེ།སྔོན་མའི་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི། ༧ པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་མོའི་ཐུགས་དགོངས་ལྟར༡༩༨༥ལོར་བཙུགས་ཤིང་།༡༩༨༦ལོར་པེ་ཅིན་དུ་རིན་པོ་ཆེ་མཆོག་ལ་སློབ་གྲྭ་བཙུགས་པའི་གནས་ཚུལ་སྙན་ཞུ་དང་ཆབས་ཅིག་མཚན་འཛིན་སློབ་གཙོར་བཞུགས་རྒྱུའི་གདན་ཞུའི་ཡི་གེ་ཕུལ་བ་ན།ཐུགས་ཤིན་ཏུ་དགྱེས་པའི་ངང་ནས་ཞལ་བཞེས་མཛད་པར་མ་ཟད། འཕྲལ་མར་སློབ་གྲྭའི་མིང་བྱང་ཕྱག་བྲིས་གནང་བ་དང་།སློབ་མ་རྣམས་ལ་ཡིག་གཟུགས་ལེགས་པོ་འཁྲིད་དགོས་པའི་བཀའ་སློབ་དང་བཅས་རྗེས་མར་བཀྲ་ཤིས་ལྷུན་པོ་ནས་ཡིག་བྲིས་པ་ལེགས་པོ་ཞིག་མངགས་གཏོང་བྱ་རྒྱུ་ཡང་ཞལ་གྱིས་བཞེས།མཚན་འཛིན་སློབ་གཙོའི་ཐུགས་བཞེད་དོན་སྨིན་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལག་ཏུ་བསྟར་བའི་སླད་དུ་ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭ་འདི་བསྒྲུབ་རྒྱུ་ཐག་གཅོད་བྱས་ལ། ད་རེས་ཀྱི་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭ་འདི་ལེགས་པར་བསྒྲུབ་པའི་ཕྱིར་དུ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གིས་ལོ་ངོ་གཅིག་ལྷག་གི་རིང་ལ།དགེ་རྒན་གདན་འདྲེན་ཞུ་བ་དང་། ཀ་དཔེ་པར་བཟོ་བྱེད་པ། སྦྱོང་ཤིང་དང་རྡེབ་ཐིག་བཟོ་བ། སྣག་ཤོག་དང་སྣག་བུམ་ཉོ་བ་སོགས་ལ་རེམ་ནས་དཀའ་ཚེགས་ཆེན་པོས་གྲ་སྒྲིག་གི་རིམ་པ་གྱ་ནོམ་པ་བྱས།

༢༠༡༥ལོའི་ཟླ༧ཚེས༢༢ཉིན་གྱི་དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་དུ་མཚོ་སྔོན་ཞིང་ཆེན་གྱི ཐོན་མིའི་ཡིག་རྒྱུནཡིག་གཟུགས་མཐོ་རིམ་གསོ་སྦྱོང་སྐབས་དང་པོའི་འཛིན་གྲྭ་ཚུགས་པའི་མཛད་སྒོ་འཚོགས། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་གཞོན་པ་ལྕགས་ཐར་རྒྱལ་གྱིས་འཛིན་གྲྭ་ཚུགས་པའི་མཛད་སྒོ་ལ་འགོ་འཛིན་གནང་ཞིང་།མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་འཛིན་གྲྭ་ཚུགས་པའི་མཛད་སྒོའི་སྟེང་གསོ་སྦྱོང་འཛིན་གྲྭ་དེ་སྒྲུབ་པའི་རྒྱུ་རྐྱེན་དང་དགོས་པ། བོད་ཀྱི་ཡི་གེའི་ཆེ་བ།  གསོ་སྦྱོང་འཛིན་གྲྭའི་ཆེ་བ།གསོ་སྦྱོང་ལ་ཞུགས་མཁན་རྣམས་ཀྱི་སྤང་བླང་གི་རིམ་པ་སོགས་ལས་བརྩམས་ཏེ་གསུང་བཤད་གལ་ཆེན་གནང་བར་མ་ཟད། བོད་ཀྱི་རིག་གནས་དང་ཡི་གེའི་རྟེན་བྱུང་འབྲེལ་གྱི་འབྲེལ་བ་དང་། བོད་ཀྱི་རིག་གནས་གོང་འཕེལ་དུ་གཏོང་བ་ལ་ངེས་པར་བོད་ཀྱི་ཡི་གེ་ལ་བསྙེན་བཀུར་བྱ་དགོས་པ་དང་།  བོད་ཀྱི་ཡི་གེར་བསྙེན་བཀུར་བྱ་བའི་ཐབས་དམ་པ་ནི།  སྒྲ་དག་པར་ཀློག་པ་དང་།  གཟུགས་མཛེས་པར་བྲི་བ་དང་། དོན་ཐིག་པོར་ལེན་པ་ལས་ལྷག་པ་མེད་ཚུལ་དང་།  རྗེས་ཕྱོགས་སུའང་མུ་མཐུད་ནས་བོད་ཀྱི་བྲིས་རྒྱུན་ཁུངས་ལྡན་དག་ལ་དོ་ཁུར་དང་། རྒྱུན་འཛིན།  ཁྱབ་སྤེལ་གང་ལེགས་བྱ་དགོས་པ་སོགས་བཀའ་སློབ་གསེར་ཞུན་ལྟ་བུ་གནང་།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་དགེ་རྒན་ལ་དགེ་བའི་བཤེས་གཉེན་ཆེན་མོ།  གཙང་བཀྲ་ཤིས་ལྷུན་པོའི་རྩེ་སློབ་གྲྭའི་ཡིག་གཟུགས་དགེ་རྒན།ཡིག་བྲིས་པ་ཆེན་མོ ༧ ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་དང་།  ཕོ་བྲང་པོ་ཏ་ལའི་ལས་བྱེད་མི་སྣ།   ཡིག་བྲིས་པ་ཆེན་མོ ༧ སྙེ་འཕྲིན་ལས་རྒྱལ་མཚན།ཁམས་ཀྱི་ཡིག་བྲིས་པ་ཆེན་མོ་མཆོག་སྤྲུལ་མི་ཕམ་རྣམ་རྒྱལ།  མགོ་ལོག་སྡེར་ནང་ས་བྲིས་ཀྱི་རྒྱུད་འཛིན་པ་ངག་དབང་རྒྱ་མཚོ།  མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་ཡིག་གཟུགས་དགེ་རྒན་དོན་གྲུབ་ཚེ་རིང་བཅས་གདན་ཞུ་བྱས་ཡོད། གསོ་སྦྱོང་ལ་ཞུགས་མཁན་ནི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་མ༡༩དང་།མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་རྫོང་སོ་སོའི་སློབ་འབྲིང་གི་དགེ་རྒན༢༢དང་།   ཞིང་ཆེན་ཕྱི་ནང་གཉིས་ནས་དོན་གཉེར་ཆེན་པོས་ནན་གྱིས་འོངས་པའི་ཟུར་ཞུགས་པ༢༣བཅས་ཁྱོན་བསྡོམས་སློབ་མ༦༤ཡོད།

ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭ་འདིར་བོད་ཀྱི་ཡིག་མཁན་ཆེན་མོ༧ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་གིས་གཙང་བཀྲ་ཤིས་ལྷུན་པོའི་རྩེ་སློབ་གྲྭའི་ཁུངས་ལྡན་ཡིག་གཟུགས་གཙང་བྲིས་ཚུགས་ཆེན་དང་།ཚུགས་ཆུང་། ཚུགས་མ་འཁྱུག་གསུམ་དང་། ༧སྙེ་འཕྲིན་ལས་རྒྱལ་མཚན་མཆོག་གིས་རྒྱལ་བའི་བཀའ་དང་བསྟན་བཅོས་བཞེངས་བྱེད་ཀྱི་ཚད་ལྡན་ཡིག་གཟུགས་སྙེ་བྲིས་དང་།སྔོན་མ་སྲིད་གཞུང་གིས་བཀའ་རྒྱ་གཏོང་བྱེད་ཀྱི་ངེས་གཏན་ཡིག་གཟུགས་གཞུང་བྲིས་གཉིས། ༧མཆོག་སྤྲུལ་མི་ཕམ་རྣམ་རྒྱལ་གྱིས་ཁམས་ཀྱི་བཀའ་བརྒྱུད་བྲབ་བྲིས་དང་།ནང་བྲིས་ནོར་བུ་མ་གཉིས། དགེ་རྒན ༧ ངག་དབང་རྒྱ་མཚོས་རྒྱལ་ཁབ་རིམ་པའི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་ཏེ་མགོ་ལོག་སྡེར་ནང་ས་བྲིས་བཅས་བོད་ཡིག་གཟབ་གཤར་གཉིས་ཀྱིབྲིས་རྒྱུན་ཆེན་མོ་བརྒྱད་ཀྱི་ཁྲིད་རྒྱུནལེགས་པར་སྤེལ་བ་དང་། གཞན་ཡང་དགེ་རྒན་ཆེན་མོ ༧ དོན་གྲུབ་ཚེ་རིང་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་བྱུང་འཕེལ་གྱི་ལོ་རྒྱུས་དང་འབྲེལ་བའི་སློབ་ཁྲིད་གཟབ་རྒྱས་གནང་།

ཐེངས་འདིའི་གསོ་སྦྱོང་གིས་མདོ་དབུས་ཁམས་གསུམ་གྱི་ཡིག་བྲིས་ཀྱི་ཁྲིད་རྒྱུན་གལ་ཆེ་བ།  གྲངས་མང་བ།  ཁུངས་བཙུན་པ་དག་གི་ཁྲིད་རྒྱུན་ཐོག་དང་པོར་མདོ་ཁམས་སྨད་ཀྱི་ཡུལ་དུ་ཆ་ཚང་ཞིང་སྤུས་དག་པ་སྤེལ་ཐུབ་པར་གྱུར་པར་མ་ཟད།   བྲིས་སྦྱོང་པའི་ཕྱག་ལེན་རྣམས་ཀྱང་སྔོན་གྱི་སྲོལ་བཟང་པོ་ཇི་བཞིན་ལག་ལེན་དུ་ཐེབས་པ་དང་། དགེ་རྒན་དག་གིས་སློབ་མ་རྣམས་ལ་སྐྱོ་ངལ་མེད་པར་དམར་ཁྲིད་དང་མཛུབ་སྟོན་གནད་དུ་ཐིངས་པ་གནངས་ཤིང་།  ཡིག་བྲིས་ཀྱི་མན་ངག་ཞལ་ཤེས་དང་ལོ་མང་དུ་བསགས་པའི་ཉམས་མྱོང་རྩ་ཆེན་དག་ཀྱང་སྐབས་སྐབས་སུ་ཅི་དགར་བསྩལ་ཏེ།  རིག་པའི་དགའ་སྟོན་ཆེན་པོ་བཀྱེས་པས།   སློབ་གཉེར་བ་མཐའ་དག་ངོ་མཚར་དང་སྤྲོ་བ་ཆེས་ཆེར་བཏེགས་པར་གྱུར།ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ཀྱང་ཡོང་ཁུངས་ཁྱབ་རྒྱ་ཆེ་ལ།  ལས་རིགས་སྣ་མང་བ་དང་། ཆུ་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་བརྩོན་པ་དྲག་པོ་བསྐྱེད་པས་སྦྱངས་འབྲས་གཡུར་དུ་ཟ་བ་སྨིན་པར་མ་ཟད་བོད་ཀྱི་ཡིག་གཟུགས་ཀྱི་བསྟན་པའི་དར་པོ་ཆེ་མདོ་ཁམས་སྨད་ཀྱི་ཕྱོགས་འདིར་དགུང་ལ་འདེགས་པའི་ཆོད་སེམས་ཀྱང་ཆེ་བས། རེ་རེ་ནས་དེའི་ཕྱོགས་ཀྱི་ས་བོན་གྲུང་པོ་རེར་འགྱུར་བའི་རེ་ལྟོས་དེ་ངེས་པར་དོན་སྨིན་འབྱུང་ངེས་སྙམ།  གསོ་སྦྱོང་འཛིན་གྲྭ་འདི་ལེགས་པར་སྒྲུབ་ཆེད་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གི་འགོ་ཁྲིད་ཀྱིས་ཇུས་འགོད་དང་།རྒྱབ་སྐྱོར་དང་། མཐུན་རྐྱེན་བཟང་པོ་བསྐྲུན་པས་གསོ་སྦྱོང་འཛིན་གྲྭ་ལེགས་འགྲུབ་འོང་བ་ལ་རྩ་བའི་ཆ་རྐྱེན་བསྐྲུན་པ་དང་།   འབྲེལ་ཡོད་མི་སྣ་དག་གིས་དཀའ་བ་མང་པོ་དང་དུ་བླངས་ཏེ་གཉེར་ཚགས་དང་དོ་དམ་བཟང་པོ་བྱས་པས། གསོ་སྦྱོང་ལ་ཞུགས་མཁན་གྱི་དགེ་རྒན་དང་སློབ་མ་རྣམས་ཀྱིས་སེམས་གཏིང་གི་བསྔགས་བརྗོད་ཆེས་ཆེར་གནང་།སྤྱིར་ད་རེས་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་མི་རིགས་དགེ་འོས་སློབ་གླིང་གིསཐོན་མིའི་ཡིག་རྒྱུནཡིག་གཟུགས་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་སྔར་མེད་འདི་ཞིག་བསྒྲུབས་པ་ནི་རྒྱལ་ཁབ་ཀྱི་མི་རིགས་ཀྱི་རིག་གནས་ཐུན་མོང་མ་ཡིན་པ་རྒྱུན་འཛིན་དར་སྤེལ་བྱེད་དགོས་པའི་སྲིད་ཇུས་དང་།རྒྱལ་ཁབ་སློབ་གསོ་པུའི་སློབ་གྲྭ་ཆུང་འབྲིང་དུ་ཡིག་བྲིས་ཀྱི་སློབ་ཁྲིད་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན་པ་ལག་ཏུ་བསྟར་བ་ཡིན་ལ།སློབ་གྲྭའི་མཚན་འཛིན་སློབ་གཙོ་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ལ་དགོངས་བཞེད་སྒྲུབ་པའི་མཆོད་སྤྲིན་རྒྱ་ཆེར་སྤྲོས་པའང་ཡིན་པས།  འདི་ཡིས་མི་རིགས་ཀྱི་རིག་གནས་དང་སྒོས་སུ་བོད་ཀྱི་ཡིག་གཟུགས་ཀྱི་འཕྲིན་ལས་ཕྱོགས་ཕྱོགས་སུ་རྒྱས་པར་བྱེད་པ་ལ་ནུས་པ་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་འབྱུང་བར་འགྱུར་བ་སྨོས་མ་དགོས་སོ།།

ཐོན་མིའི་ཡིག་རྒྱུནཡིག་གཟུགས་མཐོ་རིམ་གསོ་སྦྱོང་སྐབས་དང་པོའི་དགེ་སློབ་མཉམ་པར།