༧ ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ་ལ་ན་མོ།
༄༅།། ཀརྨའི་སྒར་བྲིས་ལོ་རྒྱུས་བསྡུས་པ།
ཤེས་ཕུན་ཚོགས་ཀྱིས།
ཀརྨའི་སྒར་བྲིས་ནི། སྤྱི་ལོ་༡༡༨༥ལོར། ཀརྨ་ཞྭ་ནག་པའི་གྲུབ་མཐའི་སྲོལ་འབྱེད་པ་པོ་དུས་གསུམ་མཁྱེན་པ་མཆོག་གིས་དེང་གི་ཀརྨ་གདན་སར་དགོན་ས་བཏབ་པ་དང་། དེ་དུས་རྒྱ་བོད་དང་བལ་པོ་ནས་ཕེབས་པའི་བཟོ་བོ་སྤྲིན་བཞིན་འདུས་པ་དེས་ཕྱིས་ཀྱི་ཀརྨའི་སྒར་བྲིས་རིག་གནས་འཕེལ་རྒྱས་སུ་འགྲོ་བར་རྨང་ཡག་པོ་ཞིག་ཚུགས་པ་རེད། ཕྱིས་སུ་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་(༡༤༥༤ལོར་འཁྲུངས་)དུས་ནས་སྒར་ཆེན་འཛམ་གླིང་བརྒྱན་ཟེར་བ་ཁམས་ནང་ཆེན་དཔལ་ཀ་ཐང་དུ་ སྦྲ་སྒར་དང་གུར་སྒར་མཛད་བཞིན་པའི་སྐབས་བྲིས་མཁན་མང་པོ་བསྡུས་ནས་དཀྱིལ་འཁོར་གྱི་ཐིག་ཚད་དཔེ་ལས་གྲུབ་པའི་ཀརྨའི་སྒར་བྲིས་གསར་གཏོད་ཐོག་མར་གནང་མཛད་པ་ཡིན་ལ། རྗེས་ནས་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་ལྷ་རིས་པ་ཆེན་མོ་ནམ་མཁའ་བཀྲ་ཤིས་རྣམ་གཉིས་ཀྱིས་རྒྱ་ཡུལ་སི་ཐང་བྲིས་རིས་ལག་རྩལ་གྱི་ཉིང་བཅུད་བསྡུ་ལེན་བྱས་ནས་སོ་སོའི་ལག་རྩལ་དང་ཟུང་འབྲེལ་གྱིས་ཀརྨའི་སྒར་བྲིས་ཀྱི་གཞུང་ལུགས་དང་ཁྱད་ཆོས་འབུལ་དུ་ཐོན་པའོ། ། ཀརྨ་སྒར་བྲིས་ལ་རྙིང་པ་དང་། གསར་པ། རྗེ་བཅུ་པའི་ལུགས་བཅས་གསུམ་འདུག་པ་ལ་དང་པོ་ནི་དུས་རབས་བཅོ་ལྔ་པའི་ནང་དུ་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སུ་དར་བ་དང་། དེ་ནས་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་དུས་སུ་སྒར་ལུགས་ཀྱི་སྲོལ་རྒྱ་ཆེར་སྤེལ། ཕྱིས་སུ་ཀརྨ་རིན་ཆེན་སོགས་འགྲན་ཟླ་དང་བྲལ་པའི་ལྷ་བཟོ་དང་ཡིག་མཁན་དུ་མས་གོང་ནས་གོང་དུ་སྤེལ་བ་ལས་བྱུང་བའི་རྒྱུན་དེ་ལ་སྒར་ལུགས་རྙིང་པ་ཞེས་བརྗོད་ལ། ཕྱིས་སི་ཏུ་ཆོས་འབྱུང་གིས་གསར་གཏོད་མཛད་པ་དེ་ལ་དུས་སྔ་ཕྱིའི་དབང་གིས་སྒར་ལུགས་གསར་མ་ཞེས་གྲགས་ཚུལ་འོག་གི་ཆོས་འབྱུང་གི་རྣམ་ཐར་ལས་འཆད་འགྱུར་ལྟར་རོ། ། དེ་ནས་ཀརྨ་པ་སྐུ་ཕྲེང་བདུན་པ་ནས་སྐུ་ཕྲེང་རིམ་བྱོན་གྱིས་རྒྱུན་འཛིན་དང་ནང་ཆེན་རྒྱལ་པོ་རྒྱལ་རབས་བརྒྱད་པས་ནས་
རྒྱལ་རབས་རིམ་བྱོན་གྱིས་ཐུགས་ཁུར་ཆེན་པོའི་འོག་བོད་མདོ་དབུས་ཁམས་གསུམ་དང་ལྷག་པར་དུ་ནང་ཆེན་ཡུལ་གྱི་དགོན་ཁག་སོ་སོ་དང་དཔོན་ཁག་སྡེ་འབངས་རྣམས་ལ་ཀརྨའི་སྒར་བྲིས་སྒྱུ་རྩལ་དེ་ལོ་༥༣༠ཡི་རིང་མ་ཉམས་རྒྱུན་འཛིན་བྱུང་ཡོད་པའི་འོད་སྟོང་འབར་བའི་ལོ་རྒྱུས་ཤིག་བསྐྲུན་ཡོད་པ་མ་ཟད། ནང་ཆེན་གྲ་ནང་ནི་ཀརྨའི་སྒར་བྲིས་རིག་གནས་ཀྱི་དར་སྤེལ་ལྟེ་གནས་སུ་གྱུར་ཡོད་པ་རེད་ལ། ཀརྨའི་སྒར་བྲིས་ནི་ནང་ཆེན་ཡུལ་གྱི་བྲིས་རྒྱུན་མ་ཉམས་པ་ནང་བྲིས་ནོར་བུ་མ་བཤད་ན་ཆོག་ཆོག་ཡིན་པར་སེམས། སྔོན་ཐོན་རིག་གནས་འཕེལ་རྒྱས་ཆེན་པོར་འགྲོ་བའི་ཁོར་ཡུག་འདི་དང་བོད་ཁམས་ཡོངས་ཀྱི་མི་རིགས་རིག་གནས་ཀྱི་གཟི་བྱིན་དང་། ལས་དོན་འདིར་བརྩོན་པའི་ནུས་ཤུགས་མང་པོ་གཅིག་སྡུད་ཡོང་བ་བཅས་ལ་བརྟེན་ནས་ཕུལ་བྱུང་གི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཞིབ་འཇུག་དར་སྤེལ་གཏོང་བའི་དཔྱིད་གསར་ཁྲ་ཆིལ་ལེར་བཞད་ངེས་པར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད།
|