ཡིག་གཟུགས་གླུ་དབྱངས་གངས་རིའི་ས་བོན་
གངས་རིའི་ས་བོན། (གླུ་ཚིག)
---བོད་ཀྱི་ཡིག་གཟུགས་ཀྱི་བརྗོད་དོན་གླུ་དབྱངས།
ཚིག གཙོས་ཤེས་རབ་རྒྱ་མཚོ། ཟམ་ཚ་ཚེརིང་དོན་གྲུབ།
དབྱངས། གངས་ཅན་པ་སྒྲོལ་མ་སྐྱབས།
ལེན་མཁན། གངས་ཅན་པ་སྒྲོལ་མ་སྐྱབས།
༡
སླའོ།།
འོད་ཀྱི་ཐིག་ལེ་དཀར་པོ་ལྷ་ལས་ཆད།
གསེར་གྱི་གཤོག་ཟུང་གངས་རིའི་སྙིང་པོ་ཡིན།
བྱམས་བརྩེ་ཡིག་འབྲུར་བབ་པའི་གངས་ཀྱི་ཐིགས།
གཟབ་གཤར་ན་ཆུང་ཉི་ཟླའི་བྱིན་རླབས་འཛིན།
ཐབས་མཁས་ཕྱག་རྩལ་འཁྱུག་པའི་ལང་ཚོ་ཡིས།
སྒང་བ་བོད་ལ་ཚེ་སྲོག་དཔལ་ཡོན་སྦྱིན།
ཨ་་་་
དབྱངས་གསལ་གྱི་འབྲུ།
གསེར་ནག་གི་གཟུགས།
ཁ་བའི་ལྗོངས་ལ་བཙུགས་པའི་གནམ་སྔོན་གྱི་ཀ་བ།
༢
སླའོ།།
གསེར་ཞུན་ཁུ་བ་ཉི་མའི་གྲོང་ནས་འོངས།
གསུང་རྟེན་མེ་ཏོག་འོ་མའི་རྒྱ་མཚོ་ཡིན།
མེས་པོའི་ཕྱག་རྒྱུན་ཤེས་རབ་གཟུགས་སུ་འཕྱོ།
གྲུ་བཞི་འཇོག་གི་དཀྱིལ་འཁོར་སེམས་ཀྱི་གཤིས།
བྲིས་ཆ་གསེར་ཤིང་ལོ་མའི་སྙིང་གཏམ་གྱིས།
ཕྱི་རབས་བོད་ལ་གཞིས་ཁྱིམ་དྲོན་མོ་བསྐྲུན།
ཨ་་་་
དབྱངས་གསལ་གྱི་འབྲུ།
གསེར་ནག་གི་གཟུགས།
ཕུ་ནུའི་བླ་སྲོག་ཟིན་པའི་ཡར་ཀླུང་གི་གཙང་བོ།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།
|