ཨ་མདོའི་བྲིས་པ་རྟ་མགྲིན་མགོན་པོས་དིང་རིའི་ས་ཡོམ་ལ་བྲིས་པ།
རྩོམ་པ་པོ་འོས་སྦྱོར།
ཀན་ལྷོའི་བྲིས་པ་རྟ་མགྲིན་མགོན་པོ་ནི་1972ལོར་མདོ་སྨད་ཀན་ལྷོ་བོདརིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གི་ཁོངས་གཏོགས་ཟམ་ཚ་ཡུལ་ཚོ་ཀ་དེའུ་མགོ་སྡེ་བ་ནས་ལྟེ་ཁྲག་འཕོས་ཤིང་།1984ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སྒོ་ཐེམ་ལ་ཞུགས་ནས་སྐྱབས་རྗེ་དམ་པ༧རྗེ་རྒྱ་ནག་པ་སྐུ་ཕྲེང་བཞི་བ་ཡོན་ཏན་དམ་ཆོས་བསྟན་པའི་ཉི་མ་མཆོག་གིས་རྗེས་སུ་བཟུང་ཞིང་བུ་བཞིན་བསྐྱངས།དུས་དེ་ནས་བཟུང་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་བོད་ཡིག་ཡིག་གཟུགས་ལ་དུང་བ་བསྐྱེད་ཅིང་ཆེས་ཐོག་མའི་བག་ཆགས་ཟབ་མོ་ཞིག་བཞག
1990ལོར་གཙོས་མི་རིགས་མཐོ་རིམ་དགེ་ཐོན་མཐོ་རིམ་ཆེད་གཉེར་སློབ་གླིང་གི་སྒོ་ཐེམ་འགྲིམ་སྐབས།བོད་ཀྱི་ཡིག་གཟུགས་མཁས་པའི་ཁྱུ་མཆོག༧དྲུང་ཡིག་སྨོན་ལམ་རྒྱ་མཚོའི་དངོས་བརྒྱུད་ཀྱི་ཐུགས་བསྐྱེད་ཟབ་མོས་རྗེས་སུ་བཟུང་ཞིང་།དགོས་སུ་ཁོང་གི་དངོས་སློབ་རྒན་སངས་རྒྱས་བཀྲ་ཤིས་ལགས་ནས་བོད་ཡིག་དབུ་ཅན་དང་སུག་རིང་།སུག་ཐུང་། འབྲུ་ཚ། རྒྱུགས་འཁྱུགས་སོགས་ཁྲིད་རྒྱུན་མན་ངག་རྣམས་རིམ་བཞིན་གནང་།དུས་དེར་ཡིག་གཟུགས་ཀྱི་བསླབ་འབྲས་མངོན་མཚར་དུ་བྱུང་པས་དགེ་སློབ་རྣམ་པའི་བསྔགས་བརྗོད་གང་མང་ཐོབ་པ་མ་ཟད།སློབ་གྲྭའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་བླངས།
1993ལོར་སློབ་མཐར་ཕྱིན་རྗེས།ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་དགེ་རྒན་གྱི་ལས་ཀ་གཉེར་པ་དང་།ལས་ཞོར་དུ་སློབ་གྲྭ་ཡོངས་ལ་ཡིག་གཟུགས་དཔེ་ཁྲིད་ཀྱི་ལས་འགན་ཁུར་ཏེ་སྐལ་ལྡན་སློབ་བུ་གང་མང་བསྐྱངས།1998ལོའི་སྔ་རྗེས་སུ་ཀན་ལྷོ་ས་ཁུལ་གྱི་སྒེར་གཞུང་གང་ཐད་ན་གློག་ཀླད་བོད་ཡིག་ཕབ་འཇུག་མ་ལག་དཀོན་པའི་གནས་ཚུལ་འོག ཁོང་གིས་འཇམ་དབྱངས་བོད་ཡིག་ཕབ་འཇུག་མ་ལག་གསར་བཟོ་མཛད་པ་མ་ཟད། དེར་བསྟུན་གྱི་གློག་ཀླད་ཡིག་མཛོད་གསར་དུ་བཟོས།
དེང་གི་དུས་སུ་ཁོ་བོས་ལས་ཞོར་དུ་རང་གི་མི་ཚེའི་དགའ་ཕྱོགས་འདིའི་རྒྱུན་བསྐྱངས་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་སྦྱངས་བ་ལྷོད་མེད་དང་།ལྷག་དོན་བོད་ཀྱི་ཡིག་གཟུགས་པ་དག་ལ་ཡིག་གཟུགས་སློབ་སྦྱོང་དང་དར་སྤེལ་གཏོང་བའི་གར་སྟེགས་ཀྱི་ཚུལ་དུ་བོད་ཀྱི་ཡིག་གཟུགས་དྲ་བ་གསར་སྤེལ་བྱས།2018ལོར་རང་གི་མ་ཡུམ་སློབ་གྲྭ་སྟེ་ཀན་སུའུ་མི་རིགས་སློབ་ཆེན་ནས་རང་གི་བརྩམས་ཆོས་འགྲེམ་སྟོན་དང་ལཉྫ་ཝར་ཡིག་མཛོད་དཔར་རིམ་ཐོག་མ་འགྲེམ་སྤེལ་བྱས།2021ལོ་ནས་2024ལོའི་རིང་ཁོང་གིས་པད་མ་གསེར་བྲིས་གླིང་གི་ཁྱུང་བྲིས་གློག་ཀླད་ཡིག་མཛོད་དང་། སྙེ་འཕྲིན་ལས་རྒྱལ་མཚན་ལགས་ཀྱི་ཕྱག་བྲིས་སྙེ་བྲིས་ཡིག་མཛོད་བྲིས་ཆེན་དང་བྲིས་ཆུང་རིགས་གཉིས། མི་ཕམ་རྣམ་རྒྱལ། རྒན་སངས་རྒྱས་སོགས་ཀྱི་ཡིག་མཛོད་རིགས་བདུན་གསར་བཟོ་བྱས། གཞན་ཡིག་གཟུགས་ཐད་ཁོང་གི་བརྩམས་ཆོས་སྐོར་ཞིག་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་ཁང་དང་།ནུབ་བྱང་མི་རིགས་སློབ་ཆེན།མཚོ་སྔོན་མི་རིགས་སློབ་ཆེན།ཀན་སུའུ་མི་རིགས་སློབ་ཆེན།པེ་ཅིན་བོད་བརྒྱུད་ཐང་བསྟན་ཐང་གའི་སྒྱུ་རྩལ་ཞིབ་འཇུག་ཁང་། ཧྲང་ཧེ། ཧྥུ་ཅན་ཞིང་ཆེན། ཞན་ཡང་རིག་གནས་ཁང་སོགས་སུ་འགྲེམ་སྟོན་དང་ཉེར་ཚགས་བྱས་ལ། འགྲན་བསྡུར་དུ་མའི་ཁྲོད་ཨང་དང་པོ། གཉིས་པ། གསུམ་པ་སོགས་ཀྱི་མཚན་སྙན་དང་དཔང་ཡིག་གང་མང་ཐོབ་མྱོང་།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།
|