ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་ཡིག་གཟུགས་བགྲོ་གླེང་བྱེད་སྒོ་སྤེལ་བ།
༢༠༢༤ལོའི་ཟླ་༨ཚེས་༡༥ཉིན་ཀན་ལྷོ་ཁུལ་གྱི་རིག་རྩལ་བྱ་གཞག་གམ་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ལ་སྙན་ཞུ་དང་ཆོག་མཆན་ཐོབ་པ་བརྒྱུད། ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་བསང་ཆུ་རྫོང་རྒན་གྱའི་གསེར་ཆེན་སྒར་ཁ་ནས་ཡིག་གཟུགས་སྒྱུ་རྩལ་མཉམ་སྤེལ་གྱི་བགྲོ་གླེང་དང་སྨྱུག་ཚོགས་བྱེད་སྒོ་སྤེལ།
བགྲོ་གླེང་ཚོགས་འདུའི་སྟེང་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྡོར་བྷས་ཡིག་གཟུགས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སྐོར་ནས་ཚོགས་ཐོག་བགྲོ་གླེང་བྱས་པ་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སངས་རྒྱས་ཚེ་རིང་གིས་ཡིག་གཟུགས་སློབ་ཁྲིད་ཐད་ཀྱི་ངོས་ཟིན་སྐོར་ནས་གླེང་མོལ་མཛད། གཞན་ཡང་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། རྫོང་དང་གྲོང་ཁྱེར་ཁག་གི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྣམས་ཀྱིས་ཀྱང་གཏམ་བཤད་ཡག་པོ་གནང་།
དམིགས་བསལ་གདན་འདྲེན་ཞུས་པའི་སྐུ་མགྲོན་སྟེ། དེ་སྔའི་ཀན་ལྷོ་ཁུལ་གླུ་གར་ཟློས་གར་ཁང་གི་མགོ་གཙོ་དང་། ཀན་ལྷོའི་རྣམ་ཐར་ཟློས་གར་ཞིབ་འཇུག་ཁང་གི་མགོ་གཙོ་སྐར་མ་རྡོ་རྗེ་དང་། ཀན་ལྷོ་ཁུལ་གྱི་རིག་གནས་བྱ་བའི་བློ་འདྲི་ཡུལ་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ། ཀན་ལྷོའི་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཕྱག་རྡོར་ཚེ་རིང་། ཞིང་ཆེན་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་ཟམ་ཚ་ཚེ་རིང་དོན་གྲུབ་སོགས་ཀྱིས་ཀན་ལྷོའི་རིག་གནས་ཀྱི་ཁྱད་ཆོས་དང་ལེགས་ཆ་གླེང་བ་མ་ཟད། གཙོ་འཛིན་ཞིས་ཅིན་ཕིང་གི་རིག་གནས་ཀྱི་བསམ་བློ་ཁྲིད་སྟོན་དུ་བཟུང་ནས་དུས་རབས་གསར་པའི་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱེད་དགོས་པའི་བླང་བྱ་བཏོན།
བགྲོ་གླེང་ཚོགས་འདུའི་རྗེས་སུ་རྒྱལ་གཅེས་ཀྱི་སྤྲོ་སེམས་དང་ཕ་ཡུལ་གྱི་བརྩེ་སེམས། ཁྱད་པར་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་སོགས་བརྫོད་སྙིང་དུ་བཟུང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་བློའི་ཁྱིམ་གཞིས་གསར་བསྐྲུན་དང་། སྒྱུ་རྩལ་པ་རྒན་རབས་པའི་སྲོལ་རྒྱུན་བཟང་པོ་རྣམས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་དང་ཡིག་གྲོགས་ཚོ་མཉམ་དུ་འཛོམས་ནས་ཀྲུང་ཧྭ་མི་རིགས་སོ་སོ་ཁྱིམ་ཚང་གཅིག་གི་བརྩེ་སེམས་དང་། འདུན་མ་གཅིག་གིས་ཀྲུང་གོའི་རྨི་ལམ་འཚོལ་བ། དར་ལམ་རིང་མོའི་འགྱུར་ཁུག དགོས་འདོད་ཀུན་འབྱུང་གི་ཀན་སུའུ་ཞིང་ཆེན། ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོའི་ཤམ་བྷ་ལ། གནམ་འོག་གི་རྨ་ཁུག་དང་པོ། སྤྲོ་སྐྱིད་ལྡན་པའི་ཀན་ལྷོ། མཛེས་སྡུག་གི་བསང་ཆུ། ཡིད་འོང་གི་རྒན་གྱ། བཀྲ་ཤིས་བདེ་ལེགས་སོགས་ནང་དོན་ཕུན་སུམ་ཚོགས་པའི་ཤིས་ཚིག་སྣ་ཚོགས་ཡུལ་དངོས་ནས་གསར་རྩོམ་བྱས་ཏེ་གསེར་ཆེན་སྒར་ཁ་ལ་ལེགས་སྐྱེས་སུ་ཕུལ།
སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ། དཔལ་མགོན་ཚེ་ཞིང།
མ་ཡིག་འདོན་སྤྲོད། མཐུན་ཚོགས་དྲུང་ཡིག་ཁང་།
ཡིག་བསྒྱུར་དང་ཞུ་དག་རྟ་མགྲིན་མགོན་པོ།
|