ཁྱུང་མཆུ་རྫོང་སྦྲ་ཆེན་རྩྭ་ཐང་ནས་ཐོན་པའི་བཟོ་རིག་ཐོན་ལས་ཀྱི་གྲུབ་འབྲས་འགྲེམ་སྟོན།
པད་མ་གསེར་སྨྱུག་རྟགས་མའི་སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་གྱི་བརྩམས་ཆོས་འགྲེམ་སྟོན་༢༠༢༤ལོའི་ཟླ༦ཚེས༢༩ཉིན་སི་ཁྲོན་ཞིང་ཆེན་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་པད་མ་ཚུལ་ཁྲིམས་བཟོ་རིག་སློབ་གྲྭའི་ཁོར་ཡུག་གི་རྩྭ་ཐང་གཡང་གི་ར་བ་ནས་སྤེལ་བ། ང་ཚོས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་བརྙན་མིག་དང་པར་རིས་ཀྱི་ལམ་ནས་བརྩམས་ཆོས་ཁག་གི་འགྲེམ་སྟོན་དང་པད་མ་ཚུལ་ཁྲིམས་བཟོ་རིག་སློབ་གྲྭའི་གནས་ཚུལ་མདོར་བསྡུས་སུ་བཀོད་པ་གཟིགས་མོ་བའི་ཡིད་དབང་གསོ་བའི་བདུད་རྩི་རུ་འགྱུར་བར་སྨོན།
འགྲེམ་སྟོན་མཛད་སྒོའི་སྟེང་སྔོན་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲོའུ་ཞི་གཞོན་པ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གཙོ་རྒན་ནོར་བུ་རྒྱལ་མཚན་ལགས་དང་། རྔ་བ་ཁུལ་གྱི་ཁུལ་དཔོན་བློ་བཟང་དཔལ། ཁུལ་སྲིད་གཞུང་གི་དྲུང་ཡིག་ཏོས་ལེན། ཁྱུང་མཆུ་རྫོང་གི་རྫོང་དཔོན་ཨ་ཅང་སོགས་འབྲེལ་ཡོད་འགོ་ཁྲིད་དང་། མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགེ་རྒན་དང་ཆེད་མཁས་པ། ཡིག་མཁན། ས་གནས་ཀྱི་མང་ཚོགས། སློབ་གྲྭའི་དགེ་རྒན་དང་སློབ་མ། ལས་བཟོ་བ་བཅས་མཉམ་ཞུགས་བྱས།
མཛད་སྒོ་ཧྲིལ་བོ་ཁམས་པ་བརྙན་འཕྲིན་ཁང་ནས་མདོ་འཛིན་མཛད་པ་མ་ཟད།འདར་དབྱངས་སོགས་ཁམས་པ་བརྙན་འཕྲིན་ཁང་གི་དྲ་ལམ་བརྙན་སྦྱོར་ལས་སྟེགས་སོ་སོ་ནས་ཐད་གཏོང་བྱས།
གཞན་པདྨ་གསེར་བྲིས་ཁང་དང་པདྨ་ཚུལ་ཁྲིམས་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་སློབ་ཡོངས་དང་ལས་བཟོ་བ་ཡོངས་ཀྱིས་དཀའ་མོའི་ཚེགས་དང་ལྕི་མོའི་ལས་ཀ་དང་དུ་བླངས་ནས་ཉིན་གཉིས་ཀྱི་དུས་ཡུན་ནང་བཟོ་རིག་གཟི་དཔལ་ཞེས་པའི་འགྲེམས་སྟོན་དང་ཆེད་མཁས་པའི་འཆད་ཁྲིད། ད་དུང་གླུ་བྲོ་རྟ་རྩེད་བཅས་ནང་དོན་ཕུན་སུམ་ཚོགས་པ་བཀོད་སྒྲིག་བྱས་ནས་བོད་ཀྱི་བཟོ་རིག་ལག་རྩལ་དར་སྤེལ་གྱི་གྲུབ་འབྲས་འགྲེམ་སྟོན་ལ་མཐོ་རླབས་རབས་དང་རིམ་པ་བསྐྲུན།
པདྨ་ཚུལ་ཁྲིམས་བཟོ་རིག་སློབ་གྲྭ་ནི་སྤྱི་ལོ་༢༠༠༥ལོར་གསར་དུ་བཙུགས་པ་ནས་ད་ལྟའི་བར་མི་ལོ་༡༩་འདས་པ་མ་ཟད། ད་བར་དུ་བོད་ཀྱི་བཟོ་རིག་འཛིན་སྐྱོང་སྤེལ་གསུམ་གྱི་ལས་སུ་སློབ་བུ་ཧ་ཅང་མང་པོ་གསོ་སྐྱོང་བྱས་དང་བྱེད་བཞིན་པ་མ་ཟད། སློབ་གྲྭ་འདིའི་བསླབ་ཚན་སྐོར་ལ་བརྐོ་བཟོ། མགར་བཟོ། ཤིང་བཟོ། ཚེམས་བཟོ། ཐང་ཀ་དང་ཡིག་གཟུགས། བོད་ཟས། རྡོ་བརྐོས་སོགས་རྣམ་གྲངས་བརྒྱད་ཡས་མས་ཡོད་པ་མ་ཟད།ཁང་པ་མཛེས་བཟོ་ལྟ་བུའི་དུས་རབས་ཀྱི་དགོས་མཁོ་དང་འཚམས་པའི་ཆེད་ལས་སྣ་ཚོགས་བཙུགས་དང་འཛུག་མུས་སུ་ཡོད། སློབ་མའི་ལས་ཞུགས་ཐད་ནས་ཀྱང་པད་མ་གསེར་བྲིས་གླིང་གི་ལས་དོན་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་དགོས་མཁོ་བསྐོང་རྒྱུ་དམིགས་ཡུལ་དུ་བཟུང་ཡོད་པར་གསུངས།
སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།
པར་དང་བརྙན་ལེན་པ། མདོ་སྔགས། ཚེ་བརྟན།
བཀྲ་ཤིས་དོན་གྲུབ།ལྷ་མོ་སྐྱབས།
ཆོས་འཁོར་བསྟན་འཛིན་རྒྱ་མཚོ་སོགས།
རྩོམསྒྲིག་པ། སྒྲིག་སྦྱོར་བ། རྟ་མགྲིན་མགོན་པོ།
མདོ་སྔགས། ཚེ་བརྟན།
ལྷ་མོ་སྐྱབས། བཀྲ་ཤིས་དོན་གྲུབ།
|